
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༢༦ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་ཕྱི་ལོ་ ༢༠༠༡ ལོར་འཛིན་རིམ་བཅུ་པ་དང་། ཕྱི་ལོ་ ༢༠༠༣ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བགྲེས་ཡོལ་ལ་ཕེབས་ཟིན་པའི་ལས་བྱེད་དང་། ད་ལྟ་ཞབས་ཞུ་གནང་བཞིན་པའི་ལས་བྱེད་དང་འབྲེལ་ཡོད་ནང་མི་ལྷན་རྒྱས་ལ་བཀའ་དྲིན་རྗེས་དྲན་གྱི་དགོང་དྲོའི་གསོལ་སྟོན་མཛད་སྒོ་ཞིག་ཚོགས་པའི་ཐོག དཔལ་ལྡན་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུངས་དོན། བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་དང་། དགེ་རྒན་ལས་བྱེད། སྦྱིན་བདག་རྣམ་པའི་བཀའ་དྲིན་འོག སློབ་ཕྲུག་སྟོང་ཕྲག་མང་པོར་ཤེས་ཡོན་གྱི་གོ་སྐབས་ཐོབ་སྟེ་སོ་སོའི་མི་ཚེ་དང་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་སྐོར་དང་། ད་ལན་སློབ་གྲྭ་འདི་ནས་ཐོན་ཏེ་ལོ་ངོ་ ༢༠ ལྷག་ཕྱིན་པའི་སློབ་ཟུར་ཚོས་བོད་ཁྱིམ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་རྣམ་པའི་བཀའ་དྲིན་བསམ་པའི་ཐོག་ནས་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།

བོད་ཁྱིམ་སློབ་གྲྭའི་ནང་འཚར་ལོངས་བྱུང་སྐབས། སློབ་སྦྱོང་ཙམ་མ་ཡིན་པར་སོ་སོའི་མི་ཚེའི་ནང་དཀའ་ངལ་གདོང་ལེན་གནང་ཕྱོགས་ཐོག་འབྲེལ་ཡོད་ཚང་མས་ལེགས་སྐྱེས་ཕུལ་ཡོད་ཅིང་། ཚང་མས་བཀའ་དྲིན་བསམ་ཤེས་ལ་རྗེས་དྲན་བྱ་རྒྱུ་ཙམ་མ་ཡིན་པར། བོད་ཁྱིམ་ནས་ང་ཚོར་ཇི་ཙམ་གྱིས་བཀའ་དྲིན་དང་བྱམས་བརྩེས་བསྐྱངས་ཡོད་པ་ནང་བཞིན་ང་ཚོས་སྤྱི་ཚོགས་གཞན་གྱི་ནང་ལའང་དེ་ལྟར་བྱམས་བརྩེའི་ལེགས་སྐྱེས་འབུལ་རྒྱུ་དང་། ཞབས་འདེགས་ཞུ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ཚང་མས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་འཚར་ལོངས་ཡོང་ཐབས་དང་། བོད་མི་རིགས་ཀྱི་རྣམ་པ་དེ་སོ་སོའི་བྱེད་ལས་ཀྱི་ཐོག་ནས་ཞབས་འདེགས་ཀྱི་ནུས་པ་སྤུངས་དགོས་པ་སྐབས་བབ་ཀྱི་ལས་འགན་ཆགས་ཀྱི་ཡོད།

རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོས་དང་བཟོ་བཞིན་པའི་ཛ་དྲག་ཅན་གྱི་དུས་སུ། ཕྱི་རྒྱལ་ལ་བཞུགས་པའི་སློབ་ཟུར་ཚོས་སོ་སོའི་ཕྲུ་གུ་རྣམས་ལ་བོད་ཀྱི་རིག་གཞུང་དང་། སྐད་ཡིག མི་རིགས་ཀྱི་ཁྱད་ཆོས་མི་ཉམས་པར་སྲུང་སྐྱོབ་གནང་དགོས་པ་དེ་བས་གལ་ཆེན་པོ་ཆགས་ཀྱི་ཡོད།
བོད་ཁྱིམ་སློབ་གྲྭའི་འབོད་ཚིག་ནི་ “རང་ལས་གཞན་གཅེས།” ཡིན་པ་ལྟར། ཆུང་དུས་འབོད་ཚིག་དེའི་འོག་ནས་འཚར་ལོངས་བྱུང་བའི་སློབ་ཟུར་ཞིག་ཡིན་པའི་ཆ་ནས། མུ་མཐུད་འབོད་ཚིག་དེའི་ཐོག་ནས་སྤྱི་ཚོགས་ནང་ལེགས་སྐྱེས་འབུལ་དགོས་སྐོར་གསུངས་ཡོད་པ་བཅས།
