
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༧ ཉིན་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ཕེབས་པའི་ཉམས་ཞིབ་པ་རྣམས་དང་ལྷན་ཐུག་འཕྲད་གནང་སོང་།
སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཉམས་ཞིབ་པས་སྣེ་ཁྲིད་འོག རྒྱ་གར་ན་གཞོན་བོད་རིག་པའི་ཚོགས་འདུར་བཅར་མཁན་རྒྱ་གར་གཞོན་སྐྱེས་ཤེས་ཡོན་མི་སྣ་དང་ཉམས་ཞིབ་པ་གྲངས་ ༢༩ ཕེབས་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་བོ་གསུངས་དོན། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ལ་སློབ་སྦྱོང་བྱ་རྒྱུ་ཙམ་མ་ཡིན་པར། ཨེ་ཤི་ཡའི་གླིང་ཆེན་དང་། ལྷག་པར་དུ་རྒྱ་གར་རྒྱལ་ཁབ་ལ་བོད་ཀྱི་ས་ཁམས་ཆབ་སྲིད་དང་། ས་བབ་ཆགས་ཡུལ། བདེ་འཇགས། ཁོར་ཡུག་བཅས་ཇི་ཙམ་གལ་གནད་ཆགས་ཀྱི་ཡོད་པའི་ཐོག་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་ཅིང་། བོད་ཀྱི་ས་བབ་ཆགས་ཡུལ་དང་། ཨེ་ཤི་ཡའི་མི་མང་ས་ཡ་མང་པོའི་ཚེ་སྲོག་དང་འབྲེལ་བའི་ཆུ་བོའི་འབྱུང་ཁུངས་ཡིན་པའི་ཆ་ནས། བོད་ནང་འགྲོ་བཞིན་པའི་འགྱུར་བ་དེ་དག་གིས་བོད་ཙམ་མ་ཡིན་པར་རྒྱལ་ཁབ་མང་པོ་ཞིག་ལ་གནོད་སྐྱོན་ཤུགས་ཆེ་བྱུང་ཉེན་ཡོད།
ཉེ་ཆར་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེར་ཐུགས་འཚབ་དང་འབྲེལ། ཁྲིམས་ཡིག་དེ་ལྟ་བུས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུར་ཉེན་ཁ་ཆེན་པོ་བཟོས་ཡོད་ཅིང་། དེ་ཡང་ཁྲིམས་ཡིག་དེ་ནི་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཐབས་ལམ་མང་པོ་ལག་བསྟར་བྱེད་བཞིན་པའི་ནང་ནས་ཆ་ཤས་གཅིག་ཆགས་ཀྱི་ཡོད་སྐོར་གསུངས།

བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་གསུངས་དོན། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་ཚོད་འཛིན། དད་པ་ནག་ཉེས་སུ་བརྩི་བ། དངོས་ཡོད་གནས་ཚུལ་བཀག་སྡོམ་དང་ལོག་འགྲེལ། འཛུགས་བསྐྲུན་ཡར་རྒྱས་ལ་བསྙད་ནས་དྲང་བདེན་མིན་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་སོགས་རྒྱ་ནག་དམར་གཞུང་གིས་བཙན་བཟུང་འོག ད་ལྟའི་གནས་སྐབས་སུ་བོད་འདི་ལོ་རྒྱུས་ནང་ཆེས་དཀའ་ངལ་ཆེ་ཤོས་ཀྱི་གནས་སྐབས་ཤིག་ལ་ལྷུངས་ཡོད་སྐོར་གསུངས།
གཞན་ཡང་བོད་མི་ཚོས་འཇིགས་སླ་བའི་མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་གཅེས་བྱེད་ཀྱི་ཡོད་པའི་སྐོར་དང་། ན་གཞོན་ཤེས་ཡོན་ཅན་རྣམ་པས་ཉམས་ཞིབ་གནང་སྐབས་དཔེ་དེབ་དང་ཡིག་ཆ་ཁོ་ནར་གཟིགས་པ་ཙམ་མ་ཡིན་པར། རྒྱ་དམར་གྱིས་བོད་ས་བཙན་བཟུང་མ་བྱས་གོང་དང་། བྱས་ཟིན་པའི་རྗེས་ཀྱི་བོད་པའི་སྤྱི་ཚོགས་གནས་སྟངས་དངོས་སུ་རྒྱུད་མྱོང་བའི་མི་སྣ་རྣམས་དང་ལྷན་འབྲེལ་ལམ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སྐོར་ལ་འགྲེལ་བརྗོད་དང་། དེ་བཞིན་ཚོགས་བཅར་བ་ན་གཞོན་ཉམས་ཞིབ་པ་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་སོང་།
དེ་རྗེས་ཁོང་རྣམས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ངོ་སྤྲོད་གནང་འདུག་པ་བཅས།

