
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༢༥ པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དཔལ་ལྡན་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་དང་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་རྣམ་པ་དང་། དྲུང་ཆེ་རྣམ་པ་སོགས་ཕེབས་འདུག

སྐབས་དེའི་མཛད་སྒོའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོས་སྙན་སྒྲོན་དང་ཚོགས་འདུ་ངོ་སྤྲོད་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་གསུང་བཤད། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་དྲྭ་རྒྱ་གསར་པ་དབུ་འབྱེད། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ནོར་བུ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ཚོགས་གཞོན་རྣམ་རྒྱལ་འབྱོར་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སོང་།

མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན་གཙོ་བོ། ད་ལྟ་གོང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྙན་སྒྲོན་ཞུས་པའི་ནང་། བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ཞེས་གསལ་བ་ལྟར། ཕན་ཚུན་མཉམ་འབྲེལ་རོགས་རེས་དེ་ཡང་སེམས་ཀྱི་ནང་ནས་གཙོ་བོ་མཐུན་སྒྲིལ་དགོས་ཀྱི་ཡོད་ཅིང་། དེ་མེད་པ་ཡིན་ན་སྐྱོ་བོ་དེ་སྐྱོ་བོ་རང་ལ་བསྡད་རྒྱུ་དང་། ཕྱུག་པོ་དེ་ཕྱུག་པོ་རང་ལ་བསྡད་ནས་སྐྱོ་བོའི་སྡུག་བསྔལ་དེ་ཕྱུག་པོས་ཤེས་ཐབས་མེད་པའི་ཐོག་ནས་མཉམ་འབྲེལ་གྱི་དགོས་དམིགས་གཙོ་བོ་འགྲུབ་ཀྱི་མེད་པའི་གནས་སྟངས་ལྟ་བུ་ཆགས་ཀྱི་ཡོད།

ང་ཚོ་བཙན་བྱོལ་བའི་གནས་སྟངས་དཀའ་ངལ་ཆེ་བའི་དུས་སུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག མི་རབས་རྒན་པ་ཚོས་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། མཉམ་ལས། ལྷག་བསམ་རྣམ་དག་གི་ཐོག་ནས་སྐུ་ལས་བསྐྱོན་ཏེ། བོད་མིའི་མཉམ་འབྲེལ་ཞེས་པ་ཐོག་མར་གསར་འཛུགས་གནང་བའི་སྐོར་དང་འབྲེལ་ཏེ། མཉམ་འབྲེལ་ནང་འགན་ཁྱེར་མཁན་སུ་འདྲ་ཞིག་སླེབས་རུང་། མཉམ་འབྲེལ་གྱི་དམིགས་ཡུལ་ངེས་པར་དུ་ཤེས་དགོས་པ་དེ་གལ་ཆེན་པོ་ཡིན་པ། དེ་ཡང་མཉམ་འབྲེལ་གྱི་གཞི་རྩའི་དམིགས་ཡུལ་ནང་། མ་འོངས་པའི་བོད་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞེད་དགོངས་ལྟར་འཚེ་བ་མེད་པའི་བསྟི་གནས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྐྲུན་རྒྱུ་ཡིན་སྟབས། མ་འོངས་བོད་ཀྱི་དཔལ་འབྱོར་གྱི་ལམ་སྲོལ་ཡང་དེ་དང་མཐུན་པར་འཚེ་བ་མེད་པ་དང༌། ཁོར་ཡུག་ལ་མི་གནོད་པ་ཞིག་གསལ་ཡོད་དུས། བག་མེད་ལོངས་སྤྱོད་མེད་པའི་ཐོག་ནས་སྲོལ་རྒྱུན་དང་མཐུན་པའི་རང་ཁ་རང་གསོ་དང་། རང་མཁོ་ལྡེང་ངེས་ཀྱི་ཐོན་སྐྱེད་ཡོད་པ་ཞིག་བྱེད་དགོས་པ་དེ་མཉམ་འབྲེལ་གྱི་ལས་འགན་ཆགས་ཀྱི་ཡོད་ཅིང་། དེ་ལྟར་བྱས་ནས་ང་ཚོའི་མ་འོངས་པའི་འཆར་གཞི་དེ་གང་རེད་ཅེ་ན། བཙན་བྱོལ་གྱི་གནས་སྐབས་སུའང་བོད་མི་གཞིས་སྒར་སོ་སོའི་ད་ཡོད་མཉམ་འབྲེལ་གྱི་ལས་འགུལ་འདི་དག་ལ་ལེགས་བཅོས་དང་ཡར་རྒྱས་བཏང་སྟེ་འབྱུང་འགྱུར་བོད་མི་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་བཙན་བྱོལ་རིང་གི་ཉམས་མྱོང་བཟང་པོ་རྣམས་བོད་གསར་པའི་འཛུགས་སྐྲུན་ལ་ཕན་ཐོགས་ཡོད་ངེས་བྱ་རྒྱུའི་ཆེད་ཡིན་པས་དེ་ལྟར་ཕུགས་དམིགས་བཟང་པོ་ཞེ་པོ་རེད་འདུག་ཅེས་དང་།

མཉམ་འབྲེལ་གྱི་ཁྲིམས་ལ་རྒྱུས་མངའ་དང་། ཁྲིམས་ཡིག་གཞིར་བཟུང་ལས་དོན་བྱ་རྒྱུའི་གལ་གནད་དང་འབྲེལ་ཏེ་གསུངས་དོན། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྐྱོན་གནད་ནང་། དེ་སྔ་མཉམ་འབྲེལ་གྱི་རྩིས་ཁྲ་དང་འབྲེལ་ནས་གཞུང་གི་དངུལ་འཁྱེར་ནས་ལྷག་མ་རྣམས་རྩིས་སྤྲོད་མ་ཐུབ་པར་སྒེར་ལ་འཐིམ་པའི་གནས་སྟངས་སོགས་ཀྱི་དཀའ་ངལ་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ནས་བཟུང་སྤྱི་མཐུན་མཉམ་འབྲེལ་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་རྗེས། སྤྱི་མཐུན་མཉམ་འབྲེལ་ནང་རྩིས་ཀྱི་འགན་ཁུར་བཞེས་ཕྱོགས་དང་། འཛིན་སྐྱོང་དང་དངུལ་རྩིས་སྟངས་འཛིན་བྱེད་མཁན་གཉིས་དབར་ཕན་ཚུན་འགན་ཁུར་ལན་འདེབས་བྱེད་ཕྱོགས། ཤེར་བདག་མང་ཚོགས་དང་། འགན་འཛིན་ལྷན་ཚོགས་ཀྱི་ལས་འགན་གང་ཡིན་པ་རྣམས་གསལ་པོར་ཡོད་སྟབས། ཚང་མས་ཁྲིམས་ཀྱི་ཐོག་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། སྔ་མོའི་མཉམ་འབྲེལ་གྱི་འབྱུང་རིམ་དང་། ད་ལྟའི་དགེ་མཚན་དང་དགོས་པ་གང་ཡོད་པ་རྣམས་ཤེས་མཁན་ཀྱི་དྲུང་ནས་ཉམས་མྱོང་རྒྱུས་ལོན་བྱེད་དགོས་པ། ཁྲིམས་ཡིག་གཞིར་བཟུང་གཅིག་གིས་གཅིག་ལ་འགན་ཁུར་ལན་འདེབས་དང་། རྩིས་རྒྱག་འགན་ཁུར་བྱེད་དགོས་པ། ལྷག་པར་དུ་དུས་དང་བསྟུན་པའི་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་སོགས་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གཞན་ཡང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཐོག་ནས་གཞིས་ཆགས་ནང་ཡོད་པའི་བོད་མི་ཉམ་ཐག་འཁོས་ཞན་རྣམས་ལ་གཟིགས་རྟོག་གནང་རྒྱུའི་གལ་གནད་སྐོར་དང་། བོད་པ་མི་རབས་རྒན་པ་ཚོས་རྒྱ་གར་སྤྱི་ཚོགས་ནང་དྲང་པོ་དྲང་གཞག་གིས་ལས་དོན་གནང་ཕྱོགས་དང་། སྤྱི་ཚོགས་ཞབས་ཞུ་སོགས་མིག་དཔེར་འོས་པའི་ཕྱག་ལས་གནང་ཡོད་པ་རྣམས་ཚང་མས་མུ་མཐུད་རྒྱུན་སྐྱོང་བྱེད་ཐུབ་དགོས་སྐོར།

ད་ལྟ་གོང་དུ་མཉམ་འབྲེལ་ཚོགས་གཙོས་སྤྱི་མཐུན་མཉམ་འབྲེལ་ནང་ལ་བུད་མེད་ཀྱི་ཆ་ཤས་བརྒྱ་ཆ་ ༤༩ ཡོད་ཅེས་གསུངས་པར་ལེགས་སོ་དང་མུ་མཐུད་བོད་ཀྱི་བུད་མེད་ཚོས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐོག་འགན་ཁུར་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་པ་བཅས།

