དཔལ་ལྡན་ཚོགས་གཙོ་མཆོག་གིས་སུད་སི་གྲོང་ཁྱེར་འཛུ་རིག་ནང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༧ འཁོར་བའི་དུས་ཆེན་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་སུད་སི་གྲོང་ཁྱེར་འཛུ་རིག་ནང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༧ འཁོར་བའི་དུས་ཆེན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་། ཡུ་རོབ་ཕྱོགས་བཞུགས་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་མཆོག སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག།ས་གནས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས། ས་གནས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་གཙོས་ས་གནས་མི་མང་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་རྣམ་པས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རོལ་གླིང་སྤོས་སྣེས་སྔོན་བསུས་ཀྱིས་བཞུགས་ཁྲིར་མངའ་གསོལ་ཞུས་གནང་ཡོད་འདུག

དེ་ནས་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འགེགས་མཚན་མ་མཐའ་དག་མྱུར་དུ་ཞི་ནས་སྐུ་ཚེ་བསྐལ་བརྒྱར་བར་དུ་བརྟན་པ་དང་། ཐུགས་ཀྱི་དགོངས་དོན་མཐའ་དག་འབད་མེད་ལྷུན་གྱི་གྲུབ་པའི་རྟེན་འབྲེལ་ཆེད་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྐུ་མགྲོན་རྣམ་པ་དང་། ས་གནས་མི་མང་ཚོགས་གཙོ་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་རྗེས་སྐུ་མགྲོན་རྣམ་པ་དང་། མི་མང་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བ་མ་ཟད་མང་གཙོའི་གསར་གཞས་བཏང་གནང་ཡོད་འདུག དེ་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་གུས་འདུད་ཞུས་གནང་ཡོད་འདུག

དེ་ནས་ས་གནས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ་དང་། དེ་མཚུངས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག ཕྱོགས་བཞུགས་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་མཆོག སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་བཅས་ནས་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་སྒྲོག་སྦྱངས་གནང་བ་དང་། དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་དམིགས་བསལ་གསུང་བཤད་གནང་དོན། དེ་རིང་ང་ཚོ་བཟང་པོའི་ཞོར་ལ་ཇ་ཆང་ཞེས་ཟེར་བ་ནང་བཞིན་ང་ཚོ་འདི་འདྲའི་ལྷན་འཛོམས་བྱུང་བའི་དུས་ཚོད་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། ཁོང་གི་ཐུགས་རྗེའི་བཀའ་དྲིན་དང་འབྲེལ་བ་ཡོད་པ་ཞིག་དང་། དེའི་ཐོག་ནས་ང་ཚོ་དེ་རིང་ལྷན་འཛོམས་བྱུང་བ་ཞིག་ཡིན། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ཞུས་པ་ཡིན་ན། ལས་རྒྱུ་འབྲས་ཐོག་ནས་བོད་མི་རིགས་དེ་ལས་དང་བསོད་ནམས་ཐོག་ནས་འབྲེལ་བ་ཆགས་བསྡད་ཡོད་པ་ཞིག་ཡིན་དུས། ཐོག་མར་སུད་སི་བོད་རིགས་མང་ཚོགས་དང་། འབྲེལ་ཡོད་འགན་ཁུར་མཁན་ཚང་མར་དེ་རིང་ང་ཚོ་འདིར་དམིགས་བསལ་གྱི་ལྷན་འཛོམས་གནང་ཐུབ་པ་ཞིག་དང་། ལྷག་པར་དུ་མང་གཙོའི་དུས་ཆེན་གཞུང་མང་གཉིས་ཀྱི་ངོས་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐོག་ནས་སྲུང་བརྩི་གནང་ཐུབ་པ་དེར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་དང་། ང་རང་སྒེར་གྱི་ངོས་ནས་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང་ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ས་གནས་མང་ཚོགས་ཀྱི་དྲི་བར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ལན་འདེབས་གནང་ཡོད་འདུག