དཔལ་ལྡན་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད།

14th march

༄༅། །འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། གངས་ཅན་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ལ་ཚོགས་ཕེབས་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གི་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མ་ལ། དེ་རིང་ང་ཚོ་ཟླ་དྲུག་གི་རྗེས་ལ་སྐུ་གཟུགས་གསལ་ཐང་གི་ཐོག་ནས་ལྷན་འཛོམས་གནང་ཐུབ་པ་དང། ལས་དོན་གྱི་ཐོག་ལ་ཞུགས་ཐུབ་པ་དེ་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཚོགས་གཙོས་གཏམ་བཤད་གནང་རྒྱུ་ལམ་ལུགས་མང་ཆེ་བ་དེ་ང་ཚོ་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཕེབས་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་རང་ཚོ་དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་རིམ་དང་པོ་དེ་ང་ཚོས་བོད་ནང་ལ་རྒྱ་ནག་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཅན་འཛིན་པ་དེར་ངོས་ལེན་མེད་པའི་ཐོག་ནས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༦ བར་དུ་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་བརྒྱ་དང་བཞི་ཅུ་ཞེ་ལྔ་བྱུང་ཡོད་པ་རེད།

དེ་ཡིན་དུས་མི་གྲངས་བརྒྱ་དང་བཞི་བཅུ་ཞེ་ལྔ་པ་སྐུ་ཞབས་བཀྲ་ཤིས་རབ་བརྟན་ལགས་ཀྱི་ཆེད་དུ་ང་ཚོས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་བསྣམས་ཡོད་པ་རེད། དེ་ག་ནང་བཞིན་གྱི་སྤྱི་འཐུས་ཟུར་པ་རིག་འཛིན་ལགས་དང་། དེ་བཞིན་སྤྱི་ཟུར་རྣམ་རྒྱལ་དབང་འདུས་ལགས། དེ་ནས་ང་ཚོའི་ཚོགས་དྲུང་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས། ཁོང་རྣམ་པ་ལྟ་བུར་མཚོན་པ་ཡིན་ན་བོད་ནང་དང་བཙན་བྱོལ་ནང་ལ་ཐུགས་འགན་མང་པོ་ཞིག་བཞེས་པའི་ཐོག་ནས་ད་ལྟ་ང་ཚོའི་མཉམ་དུ་མེད་པར་སྐུ་ཚེའི་འཕེན་པ་རྫོགས་པ་རེད། དེ་ཡིན་དུས་ཁོང་རྣམ་པའི་ཆེད་དུ་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་བསྣམས་པ་ཞིག་ཆགས་བསྡད་ཡོད། དེ་ག་ནང་བཞིན་ཕྱི་ལོ་ ༢༠༠༨ ནས་བཟུང་སྟེ་ད་ལྟའི་བར་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་མུ་མཐུད་ནས་གནས་བསྡད་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་ཚོ་གྲོས་ཚོགས་ཀྱི་ཚོགས་ཐེངས་ཟེར་ནའང་འདྲ། གྲོས་ཚོགས་སྐབས་བཅུ་བཞི་པ་རེད། དེ་ནས་སྐབས་བཅོ་ལྔ་པ་རེད། སྐབས་བཅུ་དྲུག་པའི་ནང་ལའང་བོད་ནང་གི་ཛ་དྲག་གི་གནས་སྟངས་དེའི་ཐོག་ནས་ང་ཚོས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་ཕེབས་ཀྱི་ཡོད་པ་རེད། དེ་ཡིན་དུས་ཡིག་ཆ་འདི་ང་ཚོས་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད། དེ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་རེད། དེའི་ཐོག་ལ་མཉམ་ཞུགས་ཡོང་རྒྱུ་དང་དགོངས་ཚུལ་སྤུངས་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད།

དེ་ག་ནང་བཞིན་གྱི་དེ་རིང་ང་ཚོའི་གྲོས་ཚོགས་ཚོགས་དུས་གསུམ་པ་འདི་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་ཚོས་ལས་ཉིན་མང་བ་ཞིག་དེའི་ཐོག་ལ་གཏོང་དགོས་པ་ཆགས་ཀྱི་ཡོད། རྩིས་ལོ་ ༢༠༡༧་་༢༠༡༨ ལོའི་སྔོན་རྩིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གཏམ་བཤད་དང་། དེ་ག་ནང་བཞིན་གྱི་བཀའ་ཤག་གིས་རྒྱབ་གཉེར་འཆར་འབུལ་ཞུས་པ་དེ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བསྐྱར་ཞིབ་བྱས་པའི་ཐོག་ནས་ང་ཚོར་སྙན་ཐོ་གཅིག་ཕེབས་ཀྱི་ཡོད། ང་ཚོའི་ལས་ཉིན་མང་བ་དེ་དཔལ་འབྱོར་གྱི་ལས་དོན་ཐོག་ལ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད།

དེ་ནས་ལས་རིམ་གཞན་ཞིག་ནི། ང་ཚོ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་སུ་ཆེད་འཛུགས་ཚོགས་ཆུང་གིས་བཙན་བྱོོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་དེའི་འཆར་ཟིན་དང་། ལས་བསྡོམས་སྙན་ཐོ་གཅིག་ཕེབས་ཀྱི་ཡོད། དེ་དང་འབྲེལ་བའི་ཐོག་ནས་ཁྲིམས་བཟོའི་ལས་དོན་ཡང་གང་ལ་གང་འཚམ་ཞིག་ཕེབས་ཀྱི་ཡོད་པ་རེད། དེ་ཚོའི་ཐོག་ལ་ང་ཚོས་དུས་ཚོད་གང་འཚམ་ཞིག་གཏོང་དགོས་པ་ཆགས་ཀྱི་འདུག

དེ་ནས་ལས་རིམ་གཞན་ཞིག་ནི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བདུན་པའི་སྙན་ཐོ་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་གནང་བ་དེ་སྤྱི་འཐུས་རྒྱུན་ལས་སུ་འབྱོར་བའི་ཐོག་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་དེའི་ཐོག་ལ་བསྐྱར་ཞིབ་བྱས་ནས། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་དང་ཁྱབ་ཁོངས་སྡེ་ཚན་ཁག་གི་རྩིས་རྙོག་དང་འབྲེལ་བའི་ཐོག་ལ་ང་ཚོས་མཇུག་སྐྱོང་ཇི་ལྟར་བྱས་ཡོད་མེད་དང་། ད་ལྟ་གཙང་མ་ག་ཚོད་ཆགས་ཡོད་མེད། དེ་ཚོའི་ཐོག་ལ་ང་ཚོར་སྙན་ཐོ་གང་ལ་གང་འཚམ་མཐུག་པོ་ཞིག་བསླེབས་ཀྱི་ཡོད་པ་རེད། དེའི་ཐོག་ལའང་དུས་ཚོད་གང་ལ་གང་འཚམ་ཞིག་གཏོང་དགོས་པ་ཆགས་ཀྱི་ཡོད་པ་རེད།

གཞན་ཡང་འཆར་ཅན་གྱི་དྲི་བ་དྲིས་ལན་རེད། ཐུགས་སྣང་གཞེན་བསྐུལ་དང་གྲོས་ཆོད་གྲོས་འཆར་དེ་ཚོ་འཆར་ཅན་གྱི་ལས་རིམ་ནང་དུ་སླེབས་བསྡད་ཀྱི་ཡོད་པ་རེད།

དེ་ནས་ང་ཚོའི་ཆབ་སྲིད་ཀྱི་གནད་དོན་ཐོག་ལ་ཉེ་ཆར་འདས་ཟིན་པའི་དུས་ཚོད་མི་རིང་བའི་ནང་དུ་ང་ཚོའི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ནས་ང་ཚོས་གསུང་བཤད་ཡོངས་ཁྱབ་སྤེལ་ཟིན་པ་རེད། དེ་ག་ནང་བཞིན་གྱིས་གཤམ་དུ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་ནས་ཀྱང་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་དེ་ཚོའི་ཐོག་ལའང་ང་ཚོས་ཞིབ་ཕྲ་བཀོད་ཡོད། ཚོགས་གཙོའི་ངོས་ནས་དེའི་ཐོག་ལ་ཞིབ་ཕྲ་གང་ཡང་ཞུ་རྒྱུའི་འབད་བརྩོན་ཞུ་ཡི་མིན། ཡིན་ནའང་རྒྱ་ནག་གཞུང་དང་དེ་དང་འབྲེལ་བའི་ཐོག་ནས་གཏམ་བཤད་གནང་མཁན་རེ་གཉིས་ཀྱི་ཐོག་ནས་བལྟ་ཡོང་དུས་ལོ་འགའ་ཤས་ཀྱི་ནང་ལ་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་དགག་བྱ་བྱས་པ་མང་བ་ཡོང་གི་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་བསླེབས་ཀྱི་འདུག དེ་ཡིན་དུས་སྤྱིར་བཏང་བོད་ནང་ལོགས་ལ་རྒྱ་ནག་གཞུང་གི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འཛིན་པ་མཚོན་པའི་ཁོར་ཡུག ཆོས། སྐད་ཡིག རིག་གཞུང་སོགས་ལ་ཉེན་ཁ་ཆེ་རུ་འགྲོ་རྒྱུ་ཞིག་དང་། ཧ་ཅང་གིས་ཞེ་ས་མ་ཞུས་ན་དམྱལ་ལ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་མྱོང་བཞིན་པ་དང་། སོ་སོའི་རང་དབང་ཡོད་པ་དེ་ཉིད་སྒྲུབ་མ་ཐུབ་པའི་བཀག་རྡོ་ལྟ་བུ་གནང་བསྡད་རྒྱུ་འདི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སྲིད་བྱུས་ཤིག་ཆགས་བསྡད་འདུག རིགས་གཅིག་གིས་དབུས་གཞུང་གི་སྲིད་བྱུས་མ་རེད་ས་གནས་ཀྱི་ཁོ་རང་ཚོའི་ལས་དོན་བྱེད་མཁན་གྱིས་དེ་ལྟར་གནང་གི་ཡོད་པ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་རེད། དོན་དུ་གང་ལྟར་རྒྱ་ནག་གཞུང་དང་འབྲེལ་བའི་ཐོག་ནས་སྲིད་བྱུས་འདི་འདྲ་བ་རིམ་པར་བསླེབས་སྡོད་པ་ཞིག་ཆགས་ཀྱི་འདུག དེ་ཡིན་དུས་སྤྱིར་རྒྱ་ནག་གཞུང་གི་དབུ་འཁྲིད་རིམ་པ་རེད། ལྷག་པར་དུ་སྲིད་འཛིན་ཧུའུ་ཅིང་ཐའོ་བར་དུ་བཙན་བྱོལ་བོད་མི་རེད།

དེ་ག་ནང་བཞིན་གྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་གནང་འདོད་ཡོད་པ་ཞིག་དང་། དེ་ལ་ཐུགས་འཁུར་གནང་གི་ཡོད་པའི་ཡོངས་གྲགས་དེ་འདྲ་བྱུང་ཡོད་པ་རེད། བོད་ནང་ལ་སྐུ་ཚབ་ཚོགས་ཆུང་ཕེབས་ཐུབ་རྒྱུ་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། དམིགས་བསལ་གྱི་ཕན་ཚུན་གྱི་འབྲེལ་ལམ་ཐོག་ནས་སྲིད་འཛིན་ཧུའུ་ཅིང་ཐའོ་བར་དུ་རིམ་པས་ཕེབས་ཡོད་པ་རེད།

ད་ལྟའི་སྲིད་འཛིན་ཞི་ཅིང་ཕེང་སྐབས་སུ་ཕྱི་ལོ་ ༢༠༡༢ ནས་ཐུགས་འགན་བཞེས་ནས་ ༢༠༡༧ གྱི་མཇུག་ལ་ཁོང་གི་སྐབས་དང་པོའི་ལས་རིམ་དེ་རྫོགས་ཀྱི་ཡོད་པ་རེད། ཡིན་ནའང་དུས་ཚོད་དེའི་ནང་ལ་ཡོངས་གྲགས་ཀྱི་མངོན་གསལ་དོད་པོའི་ཐོག་ནས་བཙན་བྱོལ་བོད་མི་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སྐུ་ཚབ་དང་འབྲེལ་བ་གནང་རྒྱུའི་ཐུགས་འདོད་ཡོད་པ་ཡོངས་གྲགས་ཀྱི་གསལ་པོ་གང་ཡང་ཐོན་མེད། ཡིན་ནའང་ཁོང་གི་ལས་ཡུན་གཉིས་པའི་སྐབས་སུ་ང་ཚོས་རེ་བ་གཅིག་རྒྱག་རྒྱུ་ཡོད་པ་ལྟ་བུ་མཐོང་གི་ཡོད། རྒྱུ་མཚན་གཅིག་ནས་རྒྱ་ནག་གི་སྲིད་འཛིན་རིམ་པས་འབྲེལ་བ་གནང་བ་དང་འབྲེལ་བ་གནང་ནས་དངོས་སུ་གྲུབ་འབྲས་ཇི་ཙམ་ཐོན་མིན་ལ་མ་ལྟོས་པའི་ཐོག་ནས་ཕན་ཚུན་གོ་བརྡ་སྤྲོད་རེས་བྱས་པ་ཞིག་ཡོངས་གྲགས་ཆགས་ཡོད་པ་རེད། དེ་འདྲའི་ཐོག་ནས་རེ་བ་ཡོད་པ་ལྟ་བུ་གཅིག་ཀྱང་མཐོང་གི་ཡོད། དེ་ལས་གཞན་པས་ཉེ་ཆར་རྒྱ་ནག་སྐབས་ ༡༢ པའི་གྲོས་ཚོགས་ཐེངས་ ༥ པའི་སྐབས་སུ་སྲིད་བློན་ལི་ཁེ་ཆང་གིས་བོད་ཅེས་པའི་མིང་གཅིག་བཤད་འདུག དེ་འདྲ་ཡིན་སྟབས་འདིའི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ཞིབ་ཕྲ་འགྲོ་དགོས་པ་མི་འདུག མིང་བཏོན་པའི་འགྲེལ་བཤད་འདིར་བསམ་བློ་གཏོང་སྐབས་རེ་བའང་ཡོད་པ་ལྟ་བུ་གཅིག་དང་། ཉེན་ཁའང་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག

དེ་འདྲ་ཡིན་སྟབས་དེ་འདྲའི་ཐོག་ནས་རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྲིད་བྱུས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་ཡོངས་ཁྱབ་ཀྱིས་འབད་བརྩོན་གནང་གི་ཡོད་པ་རེད། དེ་ག་ནང་བཞིན་རྒྱ་ནག་གཞུང་གི་འགན་འཛིན་དབུ་ཁྲིད་རྣམ་པ་ཡིན་ནའང་བོད་ཀྱི་ཐོག་ལ་མཁྲེགས་འཛིན་གྱི་སྲིད་བྱུས་འདི་དོར་ནས་གུ་ཡངས་ཀྱི་ཐོག་ནས་ང་ཚོ་འབྲེལ་མོལ་བསྐྱར་མཐུད་ཡོང་བ་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བསམ་ཤེས་བྱེད་དགོས་འདུག་ཅེས་འབོད་སྐུལ་ཞིག་ཞུ་འདོད་བྱུང།

དེ་ནས་གནད་དོན་གཞན་ཞིག་ལ་ཕྱི་ལོ་ ༢༠༡༧ ཟླ་ ༡ ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་པར་གྲུབ་པའི་སྐབས་སུ་གཙོ་བོ་འཛིན་སྐྱོང་བཀའ་ཤག་དང། དེ་བཞིན་གྱི་འབྲེལ་ཡོད་ཀྱི་ལས་བྱེད་བཅས་སྦྱིན་བདག་གནང་བ་དང་འགན་འཁུར་ཧ་ལས་པའི་འཐུས་ཚང་དང་ཡག་པོ་གནང་སོང་། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ལེགས་གསོ་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་རང་ཚོ་དངོས་སུ་བསྟན་པ་ལ་ཡིན་ནའང་འདྲ། ཆབ་སྲིད་ལ་ཡིན་ནའང་འདྲ། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་པའི་ལས་དོན་ཞིག་སྒྲུབ་ཐུབ་པ་ཡིན་ན་དེ་ལེགས་པའི་རྒྱན་གཅིག་ལ་ངོས་འཛིན་ཞུ་ཡི་ཡོད། དེ་བཞིན་གྱི་བི་ཧར་གྱི་མངའ་སྡེ་གཞུང་རེད། སྤྱི་ཁྱབ་བློན་ཆེན་རེད། ས་གནས་ཀྱི་ཐོག་ནས་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲུང་གིས་མཚོན་པའི་༸སྐུའི་སྲུང་བྱ་སོགས་ལ་མཐུན་འགྱུར་དང་ཐུགས་སྣང་དམིགས་བསལ་ཞིག་གནང་སོང་བར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བི་ཧར་གྱི་མངའ་སྡེ་དང་། སྤྱི་ཁྱབ་བློན་ཆེན་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་དང་ཆབས་གཅིག་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལེགས་པར་གྲུབ་པའི་རྗེས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་བརྟན་བཞུགས་བསྟར་འབུལ་ཞུས་པའི་རྗེས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་བརྒྱ་ལྷག་འཚོ་བཞུགས་ཡོང་རྒྱུའི་ཞལ་བཞེས་བཟང་པོ་ཞིག་ཕེབས་ཡོད་པ་རེད། དེ་འདྲ་ཡིན་སྟབས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གྲོས་ཚོགས་ཀྱི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་གལ་ཆེ་བ་གཅིག་འདི་ཡིན། དེ་བཞིན་གྱི་ང་རང་ཚོ་བོད་མི་རྣམས་ཀྱི་ཚང་མས་དམ་ཚིག་གཟོང་ཁ་ཆིག་སྒྲིལ་གྱི་ཐོག་ནས་མགོན་པོ་གང་གི་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་དགོས་པ་དེ་ང་ཚོའི་ལས་འགན་གཡོལ་ཐབས་མེེད་པ་ཞིག་ཆགས་ཡོད་པ་རེད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དུས་ཚོད་འདི་ལྟ་བུའི་སྐབས་སུ་ང་ཚོ་སྲིད་པ་ཁམས་གསུམ་དུ་འཚོལ་བར་ཕེབས་པ་ཡིན་ནའང་རྙེད་མི་ཐུབ་པ་ཞིག་རེད། དེ་འདྲ་ཡིན་སྟབས་ང་ཚོ་བོད་རིགས་ཚང་མས་ངོ་ལྐོག་རྒྱབ་མདུན་མེད་པར་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། དྲིན་ལན་ལོག་འཇལ་གྱི་རྒྱུ་རྐྱེན་ལ་འབད་སྒྲུབ་བྱས་པ་དང་། དེ་བཞིན་དགྲ་དགའ་གཉེན་སྡུག་གི་རྒྱུར་འགྲོ་བ་ཕྲ་མོ་ཙམ་མི་ཡོང་བ་བྱེད་དགོས་པ་ནི་ང་ཚོ་རང་འགན་རང་སྲུང་གི་ཐོག་ནས་བོད་མིའི་འཐབ་རྩོད་རེད། བོད་པའི་སྤྱི་ཚོགས་ཀྱི་ཆེས་མཐོང་རེད། དེ་ཚོར་ཞན་ཆ་མི་འགྲོ་བའི་ཐོག་ནས་འགན་འཁུར་བཞེས་དགོས་པ་དེ་གལ་ཆེན་པོ་རེད། དེ་འདྲ་ཡིན་སྟབས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གལ་ཆེར་འཛིན་པའི་ཐོག་ནས་ཞུ་རྒྱུ་ཡིན།

ང་ཚོའི་གྲོས་ཚོགས་ནང་ལས་རིམ་འགྲོ་བའི་སྐབས་སུ་འཛིན་སྐྱོང་བཀའ་ཤག་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཡིན་ནའང་འདྲ། གྲོས་ཚོགས་ནང་ལ་གྲོས་ཆོད་གྲོས་འཆར་རེད། ཁྲིམས་བཟོའི་ལས་དོན་རེད། སྙན་ཐོ་ཁག་རེད། དེ་མིན་ག་རེ་སླེབས་པ་ཡིན་ནའང་། དེའི་ནང་ལ་བགྲོ་གླེང་ཆ་ཤས་བཞེས་པའི་སྐབས་སུ་བསམ་ཚུལ་མ་མཐུན་པ་ཡོང་གི་ཡོད་པ་ཆོས་ཉིད་རེད། དེ་ཡོང་སྲིད་པ་རེད། ཡིན་ནའང་གནད་དོན་ག་རེའི་ཐོག་ལ་ཡིན་ནའང་ལྷིང་པོ་དང་གནད་དོན་དེའི་ཐོག་ལ་བགྲོ་གླེེང་ཡག་པོ་ཡོང་ཐུབ་རྒྱུ་དང་དེ་སྤྱི་སྨན་ཡོང་ཐུབ་རྒྱུར་ཚང་མས་འབད་བརྩོན་ཞུ་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་འདུག དེ་བཞིན་སྤྱི་ཚོགས་ནང་གི་གནད་དོན་འདྲ་མིན་ག་རེ་ཡིན་པ་ཡིན་ནའང་གྲོས་ཚོགས་ཀྱི་ནང་ལ་གླེང་བ་ཡིན་ན་དེ་ཡང་གསལ་པོ་དང་དྲང་པོ་བྱེད་ནས་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད།

དེ་ལ་ཁྱད་བསད་དང་སྡིགས་ར་ལྟ་བུའི་ཐོག་ནས་བཀའ་མོལ་དེ་འདྲ་གསུང་བསྡད་པ་ཡིན་ན་རང་བཞིན་གྱི་ཆེས་མཐོང་། དེ་བཞིན་བཟང་སྤྱོད་དང་གང་ཅིའི་ཐོག་ལ་ཡིན་ནའང་མི་མཐུན་པ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་ཚོའི་ཐོག་ལ་ཚང་མ་མཁྱེན་པའི་བདག་པོ་ཤ་སྟག་ཡིན་དུས་ཞིབ་ཕྲ་ངས་ཞུས་དགོས་པ་མི་འདུག དེ་ཡང་དྲན་སྐུལ་གྱི་ཆེད་དུ་ཞུ་འདོད་བྱུང། དེ་རིང་ཚོགས་གཙོས་དབུ་འཛུགས་ཀྱི་གཏམ་བཤད་དེ་འདྲ་པོ་ཞིག་ཡིན། དེ་ཡིན་དུས་མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཡོང་བ། ད་རེས་གྲོས་ཚོགས་ཀྱི་ལས་རིམ་ཚང་མར་ལམ་ལྷོང་ཡོང་རྒྱུར་ཚང་མས་སྨོན་འདུན་གནང་རོགས་གྱིས་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།