དཔལ་ལྡན་ཚོགས་གཙོ་མཆོག་གནས་ཆེན་མཚོ་པདྨར་གདན་ཞུས་ལྟར་གཞུང་འབྲེལ་ཕེབས་པ།

DSC_0099དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་རྡ་ས་ནས་ཕེབས་ཐོན་གནང་སྟེ་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཙམ་ལ་གནས་ཆེན་མཚོ་པདྨར་ཕེབས་འབྱོར་གྱིས་མཎ་ཌིའི་ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ་བཅས་ཀྱི་ཕེབས་སུ་ཞུས། ཚེས་ ༡༣ སྔ་དྲོ་ཟ་ཧོར་མཚོ་པདྨ་ཨོ་རྒྱན་ཧེ་རུ་ཀ་ཡི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་བསུར་བཅར་བ་དང་། ཕྱི་དྲོ་གསུང་ཆོས་ཞུ་བ་བཅར། ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་ཟ་ཧོར་མཚོ་པདྨ་ཨོ་རྒྱན་ཧེ་རུ་ཀ་ཡི་ཕོ་བྲང་དུ་བཅར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཆུ་ཚོད་ ༧།༠༠ ཐོག་དར་གདུགས་སྤྱན་རྒྱ་སྤོས་སྣེ་དང་བཅས་ཀྱིས་ཕེབས་བསུ་ཞུས་པ་ལྟར་ཕེབས་སུར་བཅར། དེ་རྗེས་༸གོང་ས་མཆོག་བཞུགས་ཁྲིའི་སྟེང་འཁོད་ཟིན་བསྟུན་ཆོས་སྐྱོང་ཁག་རིམ་པས་སྐུ་ཕེབས་ཀྱིས་རྟེན་གསུམ་འདེགས་འབུལ་རྗེས་བརྟག་ལུང་སྙན་སྒྲོན་སོགས་ཕུལ་རྗེས་གནས་ཆུང་ཆོས་རྒྱལ་ཆེན་པོ་སོགས་མཇལ་ཁ་ཞུས། དེ་ནས་གུ་རུའི་སྐུ་བརྙན་བྱིན་ཆེ་བ་དགོན་པ་དང་མཚོ་སྐོར་གདན་ཞུ་གནང་། ཉིན་རྒྱབ་ཏུ་༸གོང་ས་མཆོག་གིས་རིག་འཛིན་གདུང་སྒྲུབ་ཀྱི་དཀའ་དབང་འབྲིང་པོ་བསྩལ་བར་བཅར། སྐབས་དེར་མཎ་ཌི་ས་གནས་འགོ་འཛིན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལས་བསྡོམ་འབུལ་ལམ་ཞུས་པའི་ངོ་བཤུས་ཤིག་དཔལ་ལྡན་ཚོགས་གཙོ་མཆོག་ལའང་འབུལ་ལམ་ཞུས་འདུག དེ་ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཙམ་ལ་མཚོ་པདྨ་ནས་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༩།༠༠ ལ་གངས་སྐྱིད་ལས་ཤག་ཏུ་འབྱོར་བ་བཅས་ཀྱི་གནས་ཚུལ་དུ།།