༄༅། །དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མཇུག་བསྡོམས་གཏམ་བཤད།

IMG_1532
སྐབས་ ༡༦ པའི་གྲོས་ཚོགས་མཇུག་བསྡོམས་གསུང་བཤད།

༄༅། །དེ་རིང་ང་ཚོ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་མཐའ་མ་ཆགས་ཡོད། དེ་ཡང་སྤྱི་ཡོངས་ནས་ཚོགས་གཙོ་གཉིས་ཀྱི་ངོས་ནས་དེ་རིང་ཚོགས་དུས་དང་པོའི་ལས་རིམ་དེ་གང་ཙམ་གནས་ཚད་མཐོན་པོ་ཞིག་དང་། གྲོས་ཚོགས་ཀྱི་ལས་རིམ་འདིའི་ནང་ལས་དོན་གལ་ཆེ་བ་འགའ་ཤས་བྱུང་ཐུབ་ཡོད། དེར་བརྟེན་དེའི་ཐོག་ནས་བསམ་བློ་གཏོང་སྐབས་གྲོས་ཚོགས་འཐུས་མི་རྣམ་པའི་གཟི་བརྗིད་རེད་ལ། དེ་བཞིན་བོད་མི་ས་ཡ་དྲུག་གི་བསོད་ནམས་ཀྱི་སྟོབས་ལས་བྱུང་བར་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་གྲོས་ཚོགས་ཀྱི་ལས་རིམ་སྐབས་སུ་བསམ་ཚུལ་མཐུན་མིན་དང་། ཚིག་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་ནས་ཕན་ཚུན་ཕྲན་བུ་བསམ་ཚུལ་མི་མཐུན་པ་དེ་འདྲ་ཡོང་གི་འདུག
དེ་ཁ་སྔོན་ཚོགས་གཙོས་ཐོག་མའི་དབུ་འབྱེད་ཀྱི་གཏམ་བཤད་ཐོག་ནས་ཞུས་པ་ཡིན། བསམ་ཚུལ་མི་མཐུན་པ་ཡོང་གི་ཡོད། ཡིན་ནའང་བསམ་ཚུལ་མི་འདྲ་བ་དེས་རྐྱེན་པས་སྤྱི་ཚོགས་ནང་དཀྲོག་རྐྱེན་མ་བཟོ་བའི་ཐབས་ཤེས་གཏོང་དགོས། གང་ཡིན་ཞེ་ན། ང་ཚོས་བོད་མི་ས་ཡ་དྲུག་གི་ལས་དོན་གང་ཡིན་ནའང་། དེ་ཚོར་ཆོས་དང་རིག་གཞུང་། སྐད་ཡིག བསྟན་སྲིད་གང་ཅིའི་ཐོག་ཞབས་འདེགས་སུ་འགྲོ་ཐུབ་པ་དགོས། ཞེས་ཞུས་ཡོད། དེར་བརྟེན་ད་རེས་ཀྱི་ཐོག་མར་དབུ་འབྱེད་སྐབས་ཀྱི་གཏམ་བཤད་གཞིར་བཟུང་ཐོག་ལས་དོན་དེ་ཚོ་བོད་མི་ས་ཡ་དྲུག་གི་བསྟན་སྲིད་ཀྱི་ཞབས་འདེགས་སུ་འགྲོ་ཐུབ་པ་ཞིག་བྱུང་སོང་བསམས་ནས་ཐོག་མར་ངོས་ཀྱི་ཀུན་སློང་དེ་འདྲའི་ཐོག་ནས་ཞུས་པ་དེ་དངོས་གནས་ཐོག་མའི་དགེ་བ་དེ་ཆགས་སོང་སྙམ་པའི་སོ་སོར་སྤོབས་པ་ལྟ་བུ་སྐྱེས་བྱུང་།
ང་རང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་དུའང་ཉིན་གསུམ་གྱི་ལས་རིམ་ནང་གཙོ་བོ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གསུམ་བྱུང་ཡོད། གཅིག་ནི། བོད་ནང་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་བསོད་ནམས་མཚོས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་ཏེ། ད་བར་རང་ལུས་མེར་སྲེག་གཏོང་མཁན་ ༡༤༤ བྱུང་ཡོད་པའི་ཁོངས་ནས་ ༡༢༤ འདས་གྲོངས་སུ་ཕྱིན་ཡོད། རང་ལུས་མེར་སྲེག་གཏོང་མཁན་ ༢༠ ཡི་གནས་སྟངས་ད་ལྟ་ཁ་གསལ་པོ་མེད་པར་ལྷག་ཡོད། དེ་འདྲའི་ཐོག་ནས་རྒྱལ་གཅེས་པ་ཁོང་རྣམས་ཀྱི་བློས་གཏོང་དང་། མངོན་འདོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ། བོད་མིར་རང་དབང་དགོས་པ། དེ་འདྲའི་མངོན་འདོད་ནི་ང་ཚོས་གུས་འདུད་ཀྱི་ཐོག་ནས་འབྱུང་འགྱུར་མངོན་འགྱུར་ཡོང་ཐུབ་པའི་རྟགས་མཚན་ཞིག་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་དང་པོ་དེ་གལ་ཆེན་པོར་བརྩིས་ནས་སྤྱི་མོས་ཐོག་བཞག་ཐུབ་པ་བྱུང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
གཉིས་པ་ནི། སྤྱི་ཟུར་མགོན་པོ་རྡོ་རྗེ་ལགས་འདས་གྲོངས་སུ་ཕྱིན་པ་རེད། དེ་སྔོན་དགུང་ལོ་ཆུང་དུས་སྐབས་ནས་དགོངས་པ་མ་རྫོགས་ཀྱི་བར་དུ་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་རིམ་པ་མང་པོ་གནང་ཡོད་པར་བརྟེན། ཁོང་ལ་གུས་འདུད་ཞུས་ཐུབ་པ་འདི་ང་རང་ཚོའི་གཟི་བརྗིད་རེད་བསམ་གྱི་འདུག གསུམ་པ་ནི། ང་ཚོའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བའམ་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་མཱར་ཀོ་པ་ཎེ་ལ་ Marco Panella མཆོག་ཡིན་ནའང། ད་ལྟ་གཙོ་སྐྱོང་གནང་མཁན་ཚོགས་གཙོ་ཡིན་ནའང་ཐེངས་ཁ་ཤས་མཇལ་མྱོང་། ཁོང་གིས་བོད་ཀྱི་རྩ་དོན་སྐོར་ཙམ་མ་ཟད། ཨི་ཊ་ལི་རང་གི་ཐོག་ནས་རྒྱལ་སྤྱིའི་ཐོག་ཡག་པོ་ཞིག་ཡོང་ན་སྙམ་པའི་བསམ་བློ་གཏོང་མཁན་གྱི་གང་ཟག་ཅིག་རེད་འདུག དཔེར་ན། ཕྱི་ལོ་ ༢༠༠༩ ལོར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ཚོགས་པ་རེད། དེ་དུས་འགན་ཁུར་མཁན་དང་ཕྱག་རོགས་གནང་མཁན་གཙོ་བོ་ཁོང་གི་ཆབ་སྲིད་ཚོགས་པ་རེད། དེར་བརྟེན་དེ་ཚོའི་གྲས་གནས་ཚུལ་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད། དེ་བཞིན་ཡུ་རོབ་མཐུན་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆུང་འཛུགས་རྒྱུར་ཁོང་གིས་ཐུགས་འགན་ཧ་ཅང་ཆེན་པོ་བཞེས་ཡོད། དེ་བཞིན་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྐབས་རྡ་སར་བཅར་ཡོད། དེའི་སྐབས་ཁོང་སྙུང་བཞིན་ཡོད། འོན་ཀྱང་ཆེད་མངགས་ཕེབས་ཡོད་པར་བརྟེན། ཁོང་ལ་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཐུབ་པ་དེ་ང་ཚོའི་དྲིན་ཤེས་པའམ་དྲིན་ཚོར་བ། དྲིན་གསོ་བ་ནང་བཞིན་ཡོང་གི་ཡོད་མེད་མི་ཤེས་ཏེ། དྲིན་དྲན་པའི་ངོ་བོར་ཆགས་སོང་བསམ་པ་དྲན་བྱུང་།
ང་ཚོའི་ལས་རིམ་གཅིག་ནི། ཡིག་ཆ་ཨང་ ༦ པ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་རེད། དེའི་ཐོག་ལ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་ཆ་ཤས་བླངས་པ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགོངས་ཚུལ་ལྷུག་པོ་གསུངས་ཡོད། དེའི་ནང་གྲོས་ཆོད་དོན་ཚན་ལྔ་བཞག་ཐུབ་ཡོད། གྲོས་ཆོད་དོན་ཚན་ལྔ་དེ་གནད་འགག་ཆེན་པོ་ཤ་སྟག་ཆགས་ཡོད། དེ་བཞིན་འདས་པའི་བོད་པའི་གནས་སྟངས། མ་འོངས་པར་ལས་དོན་གང་བརྩམས་པ་ཡིན་ནའང་ལམ་སྟོན་གྱི་རྣམ་པ་ཆགས་ཡོད། དེའི་ནང་གཙོ་བོ་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུངས་པ་དེ་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་རེད། དེ་བཞིན་བོད་རྒྱ་འབྲེལ་མོལ་ཡོང་ཐབས་སྐོར་ལ་བསམ་ཚུལ་ཤུགས་ཆེན་པོ་གསུངས་སོང་། དེར་བརྟེན་འཛིན་སྐྱོང་བཀའ་ཤག་ངོས་ནས་དེའི་ཐོག་ལ་རྩ་བའི་འཛིན་སྐྱོང་དང་ཆབ་སྲིད་ཀྱི་འགན་ཁུར་རྐང་ལེན་གནང་མཁན་དེ་འཛིན་སྐྱོང་བཀའ་ཤག་ཆགས་ཀྱི་ཡོད། དེའི་ཐོག་མ་འོངས་པར་འབད་བརྩོན་ཤུགས་ཆེ་རུ་གནང་རྒྱུའི་དགོངས་པ་བཞེས་ཡོད་ཀྱི་རེད་ལ་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཅེས་ཞུ་འདོད་བྱུང་། བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་དགོངས་ཚུལ་ལྷུག་པོ་གསུངས་པ་དང་། དེ་བཞིན་འབྱུང་འགྱུར་བོད་རང་དབང་སླར་གསོ་གནང་རྒྱུའི་ཐབས་ཤེས་གསར་པ་འདོན་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་པ་རེད། འོན་ཀྱང་ཐབས་ཤེས་གསར་པ་འདོན་མཁན་དེ་ང་ཚོ་འདིར་ཡོད་པ་རྣམས་ཆགས་ཀྱི་ཡོད། ཚང་མས་དགོངས་ཚུལ་གསུངས་པ་ཙམ་མིན་པར། ཕར་ལོག་པའི་སྐབས་སུའང་ཉིན་མཚན་དུས་དྲུག་དེའི་ཐོག་དགོངས་པ་བཞེས་ཏེ་བསམ་ཚུལ་ལེགས་པའི་ཆ་གང་ཡོད་པ་འཛིན་སྐྱོང་བཀའ་ཤག་ལ་ཕུལ་ཆོག་གི་ཡོད་པ་མ་ཟད། གྲོས་ཚོགས་ལའང་ཕུལ་ཆོག་གི་ཡོད། དེ་གཞིར་བཟུང་ང་ཚོས་ཀྱང་སྤྱི་ཡོངས་མཉམ་འདུས་ཐོག་ནས་ལག་བསྟར་ཡང་ཡོང་ཆོག་གི་རེད།
དེ་ཚོའི་གྲས་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད་བསམ་གྱི་འདུག། དེ་ནས་ང་ཚོས་ལས་དོན་གལ་ཆེ་བ་གཅིག་ནི་སྐབས་བཅོ་ལྔ་པའི་བཀའ་བློན་གྱི་འོས་འདེམས་གནང་རྒྱུ་དེ་རེད། རྩ་བའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་བློན་རྣམ་པའི་འོས་དམིགས་དེ་དག་གྲོས་ཚོགས་སུ་སྒྲོག་སྦྱང་གནང་སྐབས་དགག་པ་གནང་མཁན་བྱུང་ཡོད། དེ་ཡང་མང་གཙོའི་འགྲོ་སྟངས་ཤིག་གི་ཐོག་ནས་ཕྱིན་པ་ཞིག་ཡིན་པ་ལས་དགའ་མི་དགའ་བའི་རྣམ་པ་ཞིག་དང་། རྒྱབ་ནས་གཞན་ཞིག་གིས་དཀྲོག་གཏམ་བཟོས་ནས་བཤད་པ་ཞིག་ཡིན་པ་ཚོགས་གཙོས་ངོས་འཛིན་ཞུ་གི་མེད། དགག་པ་བྱུང་བ་དེར་དགག་པ་བྱེད་དགོས་པའི་རྒྱུ་མཚན་བཤད་པ་རེད། སྲིད་སྐྱོང་མཆོག་གིས་རྒྱུ་མཚན་གསལ་བཤད་གནང་རྗེས་མཐར་འོས་བསྡུའི་ལམ་ནས་བརྒྱ་ཆ་ ༥༠ ཡན་ཐོབ་ནས་མང་མོས་ཀྱི་ཐོག་ནས་ཚང་མ་བཀའ་བློན་དུ་བདམས་ཐོན་ཐུབ་པ་བྱུང་ཡོད། གང་ཟག་གཅིག་འོས་ཆོས་ཚང་མིན་གྱི་ཐོག་ནས་ཕྱིར་འཐེན་བྱེད་དགོས་པ་ཞིག་ཆགས་པ་རེད་མ་གཏོགས་མང་བ་བཀའ་བློན་དུ་བདམས་ཐོན་ཐུབ་པ་བྱུང་ཡོད། དཔལ་ལྡན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་མ་འོངས་པར་འཛིན་སྐྱོང་གི་ལས་དོན་རླབས་ཆེན་བསྒྲུབ་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད།
རྩ་བའི་ང་ཚོ་ཚང་མར་འཛིན་སྐྱོང་གི་ཐོག་ཉམས་མྱོང་གང་ལ་གང་ཙམ་ཡོད་ནའང་ང་ཚོ་ཚང་མས་ནུས་པ་མཉམ་དུ་སྤུངས་ནས་འཛིན་སྐྱོང་གི་ལས་དོན་དེེ་དག་ཚགས་ཚུད་དུ་གཏོང་ཐབས་གནང་རྒྱུའི་ཚོགས་གཙོས་རེ་བ་ཞུ་བཞིན་ཡོད། མ་འོངས་པར་ཡང་དེ་ལྟར་གནང་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པ་རེད། ཅེས་ཞུ་འདོད་བྱུང་། དེ་རིང་ང་ཚོས་བཀའ་བློན་གཅིག་གི་འོས་ཆོས་ཚང་མིན་གྱི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་རྗེས་ཕྱིར་འཐེན་ཞུས་པ་དང་ཆབས་ཅིག་གྲོས་ཚོགས་ལ་བཟོད་གསོལ་ཞུས་ཡོད། བཟོད་གསོལ་ཞུས་པར་བརྟེན་གྲོས་ཚོགས་ཀྱི་ངོས་ནས་དགོངས་པ་དྭངས་དགོས་ཀྱི་རེད་བསམ་གྱི་ཡོད། དེ་ཚོའི་གྲས་སྤྱི་ཚོགས་ནང་དཀྲོག་རྐྱེན་དུ་མི་འགྲོ་བ་བཟོ་རྒྱུ་དེ་ང་ཚོའི་འགན་དབང་ཆགས་ཡོད། དེ་ཚོའི་གྲས་སྤྱི་ཡོངས་ཀྱི་ཡོང་མི་ཆོག་པ་དང་མི་སྲིད་པ་མ་རེད། དེར་བརྟེན་ཚོགས་གཙོ་གཉིས་ཀྱིས་གནས་ཚུལ་འདི་རིགས་ཚོགས་དུས་འདི་གའི་ནང་གཙང་མ་བཟོ་ཐུབ་པ་དེ་ཡག་པོ་བྱུང་སོང་སྙམ་གྱི་ཡོད། འདི་གཅིག་ཞུ་འདོད་བྱུང་།
དེ་ནས་དེ་རིང་གི་ཡིག་ཆ་ཨང་ ༩ པ་དེ་བཀའ་ཤག་གིས་བསྣམས་པའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དེ་རེད། ད་གིན་གོང་དུ་ཞུས་པ་ལྟར་ང་ཚོས་ཡིག་ཆ་འདི་དགའ་དགའ་སྤྲོ་སྤྲོའི་ངང་ནས་བསྣམས་པ་ཞིག་མིན། སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བསྣམས་དགོས་པ་ཞིག་ཆགས་པ་རེད། ང་ཚོས་དེའི་ཐོག་དགོངས་ཚུལ་སྤུངས་པ་རེད། འབྱུང་འགྱུར་ང་ཚོའི་སྤྱི་ཚོགས་ནང་འདི་ལྟ་བུའི་འཁྲུགས་མ་ཐེབས་པ་བྱེད་རྒྱུ་དེ་གནད་འགག་ཆགས་ཀྱི་འདུག་ཅེས་ཞུས་པ་ཡིན། དེར་བརྟེན་དེའི་ཐོག་ཚོགས་ཆུང་གཅིག་བཙུགས་ནས་ཚོགས་ཆུང་དེས་སྙན་ཐོ་གྲོས་ཚོགས་ནང་སླེབས་སྐབས་གཟིགས་རྒྱུ་ཞིག་ཆགས་ཀྱི་ཡོད། ཡིག་ཆ་དེ་ཡང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱེད་ཐུབ་པ་དེ་ཡག་པོ་བྱུང་སོང་བསམ་གྱི་ཡོད། དེ་བཞིན་དེ་རིང་ང་ཚོས་འདེམས་ལྷན་གྱི་ཚོགས་མི་གཅིག་ཀྱང་བསྐོ་གཞག་བྱེད་ཐུབ་ཡོད། ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་འདི་ཉིན་གསུམ་ལས་མེད་ཀྱང་གང་ལྟར་ལས་དོན་རླབས་ཆེན་མང་པོ་ཞིག་ཞུ་ཐུབ་ཡོད། དེར་བརྟེན་ཚོགས་གཙོ་གཉིས་ཀྱི་ངོས་ནས་བཀུར་འོས་སྤྱི་འཐུས་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་སྤྱི་ཚོགས་ནང་ལའང་དགའ་བ་སྒོམ་དགོས་པའི་གནས་སྟངས་གང་ཙམ་ཆགས་ཡོད། ད་དུང་རིམ་པར་བགྲོ་གླེང་དང་གྲོས་ཚོགས་འཚོགས་རྒྱུ་ལྷག་ཡོད། དེར་བརྟེན་སྤྱི་འཐུས་རྣམ་པར་དགོངས་ཚུལ་གསུང་རྒྱུའི་སྡིངས་ཆ་ཡོད་པས་དེ་ཚོའི་ཐོག་དགོངས་པ་བཞེས་དགོས།
ད་རེས་ང་ཚོའི་གྲོས་ཚོགས་འདིར་གྲོས་ཚོགས་འཐུས་མི་རྙིང་པ་དང་གསར་པ་མང་པོ་ཞིག་ཕེབས་ཡོད། ཡིན་ནའང་ཁྲིམས་སྒྲིག་གི་ཐོག་ཏུ་ཉམས་མྱོང་གི་ཐོག་ནས་ལག་ལེན་ཏག་ཏག་བསྟར་ཡོད་མེད་དེ་འདྲ་བྱུང་ཡོད་སྲིད་པ་རེད། ཡིན་ནའང་གང་ཟག་སྒེར་ལྟ་བུ་ཡིན་ན། ང་ཚོའི་ནང་ཆོས་ནང་དུ་ཉེས་པ་ཆེ་ཤོས་དེ་སྲོག་བཅད་པ་དེ་ཡིན་གསུངས་ཡོད་པ་རེད། དེ་བཞིན་གྲོས་ཚོགས་དང་མང་གཙོའི་འགྲོ་སྟངས་ཐོག་ནས། ཉེས་པ་ཆེ་ཤོས་ནི་ཁྲིམས་དང་སྒྲིག་གཞི་འགལ་བ་དེ་རེད། མ་འོངས་པར་དེ་འདྲ་མི་ཡོང་བའི་ཆེད་དུ་འབད་བརྩོན་བྱས་ནས་ཐབས་ལམ་སྟོན་དགོས་པ་དེ་གནད་འགག་ཅིག་ཆགས་འདུག་ཟེར་ནས་ཞུ་འདོད་བྱུང། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་གསར་པ་རྣམ་པ་ཚོར། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཟབ་སྦྱོང་ཞིག་གསུངས་སོང། ཚོགས་གཙོ་གཉིས་ཀྱི་བསམ་བློར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འཛིན་སྐྱོང་གི་འགན་དབང་གཙོ་བོ་སྲིད་སྐྱོང་ལ་ཡོད་དུས། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོར་གསལ་པོ་ཞིག་བྱུང་ན་བསམ་པའི་ཆེད་མངགས་དེ་འདྲའི་ཐོག་ནས་བཞག་པ་རེད། དེ་ཡིན་དུས་དེ་རིང་གི་ང་ཚོའི་ལས་རིམ་འགྲོ་སྟངས་དེ་ཚོར་སོ་སོས་དགོངས་པ་བཞེས་ནས། ཟབ་སྦྱོང་དང་གྲོས་ཚོགས་ཀྱི་འགྲོ་སྟངས་འགྲོ་ལུགས་རྣམས་ཉིན་བདུན་གྱི་རིང་ལ་ཐུགས་སྣང་གནང་ན་ཕན་ཐོགས་ཡོད་པའི་རེ་བ་ཡོད་པ་རེད་བསམ་གྱི་འདུག
དེ་བཞིན་དུ་ད་རེས་ང་ཚོའི་གྲོས་ཚོགས་ནང་དུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་པ་རེད་ཟེར་ནས་མང་པོ་གསུངས་སོང། དེ་བས་གང་ཟག་སྒེར་ལྟ་བུ་ཡིན་ན་ཡིན་དང་ཡིན། ཉེ་ཆར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་གཞིར་བཟུང་གིས་ང་ཚོ་ཆོལ་ཁ་གསུམ་སྐྱིད་ན་མཉམ་སྐྱིད་དང་། སྡུག་ན་མཉམ་སྡུག་ཟེར་རྒྱུ་དེ་ག་རང་རེད། སྔོན་མ་གྲོས་ཚོགས་ར་བ་འདིའི་ནང་འདི་ཐོག་མར་ཤོད་མཁན་ང་ཡིན་བསམ་གྱི་ཡོད། སྐབས་དེར་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་ཚིག་ཅིག་ཐོན་པ་རེད། དེར་བརྟེན་གྲོས་ཚོགས་འདིའི་ནང་ཐོག་མར་ངས་གླེང་བ་ཡིན། བོད་མིའི་སྐྱིད་སྡུག་མཉམ་མྱོང་དེ་ངེས་པར་དུ་དགོས་ཀྱི་ཡོད། དེ་ཡོང་ཐབས་ལ་ང་ཚོར་རྒྱུ་མཚན་མང་པོ་ཡོད། སྐད་རིགས་དང་རིག་གཞུང་གི་ཐོག་གཅིག་པ་རེད་ལ། ཡོངས་གྲགས་སུ་ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་གཅིག་པ་རེད། ཕ་རྒན་མ་རྒན་གཅིག་པའི་བོད་རིགས་སྤུན་ཟླ་བྱས་ནས་ཡོང་བ་ཞིག་ཡིན། ང་ཚོ་མཐུན་སྒྲིལ་ཡོང་རྒྱུའི་གཞི་རྩ་བརྒྱ་ཆའི་བརྒྱ་བརྩིས་ནས་མི་འགྲིག་པ་ཨེ་ཡོད་བསམ་གྱི་འདུག དེར་བརྟེན་ང་ཚོ་མཐུན་ཐུབ་རྒྱུའི་ཡིད་ཆེས་དང་རེ་བ་ཆ་ཚང་ཡོད། དེ་ཚོའི་ཐོག་ང་ཚོས་གོམ་པ་སྤོ་ཐུབ་ན། ང་ཚོས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དང་ཁྱོད་གཅིག་དང་ང་གཉིས་ཞེས་སྐད་ཆ་འདི་ངས་བཤད་དགོས་ཀྱི་མ་རེད་སྙམ། གྲོས་ཚོགས་ཀྱི་འགྲོ་ལུགས་ཐོག་ནས་ཁྲིམས་སྒྲིག་གཞིར་བཟུང་འགྲོ་ཡི་ཡོད། དེ་འདྲའི་ཟུར་ཟའི་རྣམ་པ་དེ་ཡོང་མ་དགོས་པ་ཞིག་མཐོང་གི་འདུག
དེ་ནས་ཉེན་ཁ་ཆེ་བའམ་བློ་འཚབ་ཆེ་བ་ཞིག་ལ་ང་ཚོའི་སྤྱི་ཚོགས་ནང་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་སྟངས་ཀྱི་གནས་སྟངས་དེ་ཆགས་ཡོད། ང་ཚོའི་སྤྱི་ཚོགས་ནང་སྐྱོན་མེད་པ་དང་ཡོན་ཏན་ཀུན་དང་ལྡན་པ་ཞེས་པ་དེ་ང་ཚོས་ངོས་འཛིན་ཞུ་ཐུབ་རྒྱུ་ཁག་པོ་རེད། སྐྱོན་ཡོད་པ་རེད་ལ། ཡོན་ཏན་ཡང་ཡོང་ཆོག་གི་རེད། སྔོན་གྱི་ལམ་ལུགས་དང་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། ང་ཚོ་བོད་མི་རིགས་དེ་སྐྱོན་ཉུང་བ་དང་། ཡོན་ཏན་མང་བ་ཞིག་ལ་ངོས་འཛིན་ཞུ་ཆོག་གི་རེད་བསམ་གྱི་འདུག ད་ལྟ་ང་ཚོས་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་ང་ཚོས་དམ་འཛིན་བྱེད་དགོས་པ་ཞིག་རེད། སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་རྒྱུའི་ཐད་ལ་གཟབ་གཟབ་གནང་དགོས་པ་རེད། ཅེས་ཞུ་འདོད་བྱུང་། གང་ཟག་སྒེར་ཞིག་ལ་སྐྱོན་འཛུགས་བྱས་པ་ཡིན་ན། སོ་སོར་མི་གཞན་གྱིས་སྐྱོན་བརྗོད་བྱས་ནས་རང་ཉིད་ལ་གནོད་པ་ཇི་བཞིན་ཕ་རོལ་པོའི་མི་དེ་ལའང་དེ་ལྟར་གནོད་ཀྱི་རེད། མི་ལ་ལེགས་ཉེས་གཅོད་པའི་རྣམ་དཔྱོད་དེ་ཡོད་སྟབས་རང་གཞན་དང་སྤྱི་ཚོགས་ཚང་མར་ཕན་གནོད་ཅི་ཡོད་ཤེས་པ་བྱས་ནས་བསམ་གཞིགས་བྱ་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་དྲ་རྒྱ་བེད་སྤྱོད་བྱེད་སྟངས་ཡག་པོ་བྱས་ནས་ཤེས་པ་ཡིན་ན། རང་གཞན་རོགས་གསུམ་དང་། སྤྱི་ཚོགས། ནང་མི་བཅས་ལ་ཁེ་ཕན་ཡོད་པར་བརྟེན་དེ་རིང་འདིར་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་ཡོད་པའི་ཆ་ནས་ཞུས་པ་ཞིག་ཡིན། གྲོས་ཚོགས་ཀྱི་ལས་ཉིན་གསུམ་རིང་ཚོགས་དྲུང་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ཀྱི་དཀའ་ལས་ཧ་ཅང་བརྒྱབ་གནང་སོང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་ནས་གྲོས་ཚོགས་ཀྱི་ཚོགས་དུས་འདི་ཐད་གཏོང་གནང་རྒྱུ་བཅས་ཕྱག་རོགས་ཧ་ཅང་ཡག་པོ་གནང་སོང་བར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།