དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྦེང་ལོར་བོད་རིགས་མི་མང་ལ་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༧ ཉིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྦེང་ལོར་བོད་ཁྱིམ་སྡོད་ཁང་གི་ཚོགས་ཁང་ནང་མཐོ་སློབ་བོད་ཕྲུག་དང་། ས་གནས་སུ་གནས་སྡོད་བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་གནང་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་མཉམ་ཞུགས་ལེགས་གྲུབ་བྱུང་རྗེས་ཕྱིར་རྡ་སར་ཕེབས་ཞོར་དང་བསྟུན་སྦེང་ལོར་ལ་ཡོད་པའི་བོད་མི་ཚོར་བཀའ་སློབ་གསུང་བཤད་གནང་ཡོད།

སྐབས་དེེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་རང་ཉིད་བཙན་བྱོལ་ལ་མ་ཕེབས་གོང་བོད་ནང་གི་འཚོ་བའི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཤིང་ནགས་གཅོད་བྲེག་དང་། མི་རིགས་དབྱེ་འབྱེད་སོགས་བོད་མི་ཚོར་དཀའ་སྡུག་མྱངས་དང་མྱོང་བཞིན་པ་དངོས་སུ་མཐོང་བ་དང་། རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་རྣམ་གྲོལ་གླིང་བཤད་གྲྭར་ནང་བསྟན་སློབ་གཉེར་མཐར་སོན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དེ་སྔོན་ཚོགས་གཞོན་དང་། ད་ལྟ་ཚོགས་གཙོའི་ལས་འགན་གྲུབ་བཞིན་ཡོད་པའི་སྐོར་སོགས་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྒན་རབས་ཚོས་བཙན་བྱོལ་ལ་ཐོག་མར་ཕེབས་སྐབས་དཀའ་ཚེགས་ཇི་ཙམ་མྱོང་ཡོད་པ་དང་། དཀའ་སྡུག་རྣམས་ལ་གདོང་ལེན་དང་མདུན་བསྐྱོད་ཇི་ལྟར་གནང་ཡོད་པའི་སྐོར་མང་ཚོགས་ལ་ངོ་སྤྲོད་གནང་བ་དང་སྦྲགས། ༧གོང་ས་མཆོག་གི་བཀའ་དྲིན་རྣམས་བོད་མི་ཚོས་ནམ་ཡང་བརྗེད་མི་རུང་བའི་ལམ་སྟོན་གནང་བ་དང་། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བཙན་བྱོལ་བོད་གཞུང་གསར་འཛུགས་དང་། མང་གཙོ་གསོལ་རས་གནང་བ། ད་བར་འཛམ་གླིང་ཡོངས་ལ་བྱམས་དང་སྙིང་རྗེ་སོགས་བཟང་སྤྱོད་གོང་སྤེལ་གཏོང་ཐབས། འཛམ་གླིང་སྡིངས་ཆ་འདྲ་མིན་ཐོག་ལོ་ངོ་མང་པོའི་རིང་བོད་དོན་དྲིལ་བསྒྲགས་གནང་འབྲས་སུ་ཕྱིའི་རྒྱལ་ཁབ་མང་པོའི་ནང་བོད་དོན་གོ་རྟོགས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་བ་སོགས་རླབས་ཆེ་བའི་མཛད་རྗེས་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་སོང་།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པོ་དཔེ་མཚོན་དང་བཅས་ངོ་སྤྲོད་གནང་ཞིང་། དེ་ཡང་ཐུགས་ཀྱི་དམ་བཅའ་དང་པོ་དེར་སྐུ་ཉིད་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མི་ལ་གཅིག་འགྱུར་གྱི་བདེ་སྐྱིད་བསྐྲུན་ཐབས་དང་། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་གནང་རྒྱུ། གཉིས་པ་ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཡོད་པ་ངོས་འཛིན་གྱིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་གནང་རྒྱུ། གསུམ་པ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ངོ་སྤྲོད་སྲུང་སྐྱོབ་གནང་རྒྱུ་དང་བོད་དོན་བདེན་མཐའ་གསལ་ཐབས་གནང་རྒྱུ།

བཞི་པ་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་རྒྱ་གར་ནང་བསྐྱར་གསོ་གནང་སྟེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་གནང་རྒྱུ་སོགས་གསུངས་གནང་སོང་།

མཐར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་༧གོང་ས་མཆོག་གི་ཕྱག་དེབ་རྣམས་གང་མང་ཀློག་དགོས་པ་དང་། བོད་འདི་རྒྱ་གར་གཙོས་འཛམ་གླིང་ཡོངས་ལ་ས་བབ་དང་། ཁོར་ཡུག ཆོས་དང་རིག་གཞུང་སོགས་གང་ཅིའི་ཐོག་ནས་གལ་གནད་ཇི་ཙམ་ཡིན་པ་སློབ་སྦྱོང་བྱས་ཏེ། ཡུལ་མི་ཚོར་ངོ་སྤྲོད་གནང་དགོས་པའི་ལམ་སྟོན་གནང་ཡོད་འདུག་པ་བཅས། །