དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་དུ་བསྐོ་གཞག་གནང་བའི་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་གསུམ་ལ་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་སུག་རཱམ་ཅོ་དེ་རི་ (Shri Suke Ram Chaudhary) མཆོག་དང་། སྐུ་ཞབས་ར་ཀེ་ཤི་པ་ཐ་ནཡེ་ (Shri Rakesh Pathania) མཆོག སྐུ་ཞབས་ར་ཇཱིན་དར་གརྒ་ (Shri Rajinder Garg) མཆོག་བཅས་གསུམ་ཧི་མ་ཅཱལ་མངའ་གཞུང་གི་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ལོའི་ཧི་མ་ཅཱལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་རྡ་སར་འཚོགས་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པར་ཁྱེད་རྣམས་མཇལ་འཕྲད་གནང་རྒྱུ་བྱུང་བ་དང་། དེ་བཞིན་སིམ་ལར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཕེབས་སྐབས་ཀྱང་ཁྱེད་རྣམས་དང་ལྷན་མཇལ་མོལ་གནང་རྒྱུ་བྱུང་ཡོད།

རྒྱ་གར་དབུས་གཞུང་དང་མི་མང་། ལྷག་པར་དུ་ཧི་མ་ཅཱལ་མངའ་སྡེའི་གཞུང་མང་བཅས་ནས་མི་ལོ་དྲུག་ཅུ་ལྷག་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ང་ཚོས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཧི་མ་ཅཱལ་མངའ་སྡེ་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད། རྒྱ་གར་གཞུང་མང་གཉིས་ནས་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་ཡོད།

༧གོང་ས་མཆོག་གི་དགོངས་གཞི་ལྟར། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། སྐུ་ཞབས་ཁྱེད་དང་། ཁྱེད་ཀྱི་གཞུང་ནས་བོད་རྒྱ་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།

ཁྱེད་ཀྱི་མཁྱེན་གསལ་ལྟར། ད་ལྟ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ལ་རྩོད་རྙོག་བྱུང་བཞིན་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་མ་བྱས་གོང་ལ། བོད་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ (buffer zone) ལྟ་བུར་གནས་ཀྱི་ཡོད་ཀྱང་། རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། དེའི་རྣམ་པ་མེད་པར་གྱུར་ཏེ་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་བྱུང་ནས་ད་བར་རྙོག་གྲ་རིམ་པ་བྱུང་བཞིན་ཡོད། བྱས་ཙང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་རྒྱུར་བོད་ཀྱི་གནད་དོན་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པས། ཁྱེད་རྣམས་ནས་བོད་ཀྱི་གནད་དོན་གསལ་རྒྱུར་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་རྒྱུ་དང་། རྒྱ་ནག་ལ་ས་མཚམས་ཀྱི་རྙོག་གྲ་དེ་རྒྱལ་ཁབ་གཅིག་གཉིས་མཉམ་དུ་མིན་པར་རྒྱལ་ཁབ་མང་པོ་ཞིག་དང་ལྷན་ས་མཚམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དེས། རྒྱ་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་ཐབས་ལམ་ལ་བརྟེན་ནས་འཆར་གཞི་གཏིང་ཟབ་བཏིང་བའི་ཐོག་འཛམ་གླིང་ཡོངས་ལ་དབང་སྒྱུར་ཐབས་བྱེད་བཞིན་ཡོད་པ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད།

ང་ཚོས་བོད་རིགས་མང་ཆེ་བ་འདུ་སྡོད་བྱེད་སའི་ས་གནས་སུ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བཞིན་ཡོད་པས། འབྱུང་འགྱུར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ནི་ང་ཚོའི་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། ལེགས་སྐྱེས་ཆེན་པོ་ཞིག་གནང་བ་ཆགས་ཀྱི་ཡོད།

འབྱུང་འགྱུར་ཁྱེད་རྣམས་དང་ལྷན་མཇལ་མོལ་གནང་རྒྱུའི་གོ་སྐབས་ཡོང་ངེས་ཡིན། སླར་ཡང་ངས་ཁྱེད་རྣམས་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ལ་བདམས་ཐོན་བྱུང་བར་འཚམས་འདྲི་དང་། ཁྱེད་རྣམས་ཀྱི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་ཞབས་ར་ཀེ་ཤི་པ་ཐ་ནཡེ་ (Shri Rakesh Pathania) མཆོག་ལ་བསྐུར་བའི་འཚམས་འཕྲིན་ནང། སྐུ་ཞབས་ཁྱེད་ནི་ཡུན་རིང་བོད་ཀྱི་གྲོགས་པོ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ནང་ལས་འཁུར་ཆེན་པོ་བཞེས་མཁན་གྱི་ཚོགས་མི་ཞིག་ཡིན། ཁྱེད་ཀྱིས་ད་བར་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐུ་ཞབས་སུག་རཱམ་ཅོ་དེ་རི་ (Shri Suke Ram Chaudhary)  མཆོག་ལ་བསྐུར་བའི་འཚམས་འཕྲིན་ནང་། ཕྱི་ལོ་ ༢༠༡༩ ཟླ་ ༢ པའི་ནང་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྐབས་སྐུ་ཞབས་ཁྱེད་དང་ལྷན་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་། སིར་མུར་རྫོང་ནང་གནས་པའི་བོད་པ་རྣམས་ཀྱིས་སྐུ་ཞབས་ཁྱེད་ངོ་མཁྱེན་པ་ཙམ་མ་ཟད།  སྐུ་ཞབས་ཁྱེད་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད། སྐུ་ཞབས་ཁྱེད་ནི་སིར་མུར་རྫོང་གི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ལས་ཡུན་རིང་ཤོས་གནང་མཁན་ཞིག་ཡིན། ཞེས་འཁོད་གནང་འདུག་པ་བཅས། །