དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་གར་མདྱ་པྲ་དེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འདྲི་ཞུས་པ།

 

ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༠ ཉིན་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་ (Shivraj Singh Chouhan) མཆོག་སླར་ཡང་རྒྱ་གར་མདྱ་པྲ་དེཤ་ (Madhya Pradesh) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། དེ་སྔ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྐུ་ཉིད་མཆོག་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དང་། དེ་བཞིན་ན་ནིང་ང་ཚོས་སྐུ་ཉིད་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གདན་ཞུས་སྣེ་ལེན་ཞུས་ཐུབ་པ་བྱུང་ཡོད། ང་རང་སྒེར་ལ་མཚོན་ནའང་སྐུ་ཉིད་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྣེ་ཁྲིད་དང་ཕན་ཚུན་གོ་རྟོགས་སྤེལ་རིས་ཀྱི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། མཇལ་འཕྲད་དེ་དག་གིས་སྐུ་ཉིད་མཆོག་བོད་དོན་དང་། བོད་པའི་མི་མང་ལ་སེམས་ཐག་ཉེ་པོ་ཡོད་པ་མ་ཟད། སྐུ་ཉིད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་གི་ཡོད་པ་ཁུངས་སྐྱེལ་ར་སྤྲོད་གསལ་པོར་སྟོན་གྱི་ཡོད།

དེང་སྐབས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དུ་འགྲོ་བཞིན་པའི་སྐབས་འདིར། སྐུ་ཉིད་མཆོག་གིས་སོ་སོའི་མངའ་སྡེའི་ནང་ནད་ཡམས་སྔོན་འགོག་གི་ལས་འགུལ་སྤེལ་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང་། ནད་ཡམས་འདི་ཉིད་འཛམ་གླིང་ནང་ནས་གང་མགྱོགས་ཞི་བའི་སྨོན་འདུན་ཞུ་རྒྱུ་ཡིན།

སྐུ་ཉིད་མཆོག་གི་སྤྱི་ཁྱབ་བློན་ཆེན་གྱི་དུས་ཡུན་གསར་པ་འགོ་འཛུགས་དང་འབྲེལ་སྐུ་ཉིད་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༦༠ རིང་རྒྱབ་སྐྱོར་གྱིས་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གིས་སོ་སོའི་མི་མང་གི་ཆེད་དུ་ཆོད་སེམས་བརྟན་པོའི་སྒོ་ནས་ཞབས་ཞུ་བསྒྲུབས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་བར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་མ་འོངས་པར་མདྱ་པྲ་དེཤ་མངའ་སྡེའི་མི་མང་གི་འཚོ་བ་ཡར་རྒྱས་གོང་འཕེལ་དང་། ལམ་ལྷོངས་ཡོང་བའི་སྨོན་འདུན་དང་བཅས། ཞེས་གསུངས། །