དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཇོ་ཧ་ན་སི་བྷཀ་ནང་ལས་རིམ་ཁག་ཅིག་བསྐྱངས་པ།

༄༅། ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༣ ནས་ ༡༤ བར་ལྷོ་ཨ་ཕི་རི་ཀའི་རྒྱལ་ས་ ཀེབ་ཊའོན་དུ་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ (State of the National Address (SONA) 2020) ཐོག་མཉམ་ཞུགས་དང་། གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད། དེ་བཞིན་ “རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྗེས་རྒྱ་གར་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུའི་ལས་རིམ་ཁག་གྲུབ་མཚམས། ཕྱི་ཚེས་ ༡༥ ཉིན་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཇོ་ཧ་ན་སི་བྷཀ་ (Johannesburg) ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༦ ཉིན་ལམ་རིམ་ནང་པའི་བསྟི་གནས་ཁང་ནས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་། དེ་རྗེས། (Johannesburg holocaust&Genocide Centre) ཞེས་པའི་བསྟི་གནས་ཁང་དུ་ཕེབས་སྐབས།

དེ་གའི་འགན་འཛིན་ལྕམ་སྐུ་ཇོར་ཏན་ (Ms. Jordan) ལགས་ཀྱི་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད། དེ་ནས་བསྟི་གནས་ཁང་གི་འགྲེམས་སྟོན་ཁང་དང་། དེ་བཞིན་བསྟི་གནས་ཁང་འདིའི་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཐོག་འགྲེམས་སྟོན་གནང་བཞིན་ཡོད་པ་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས།