དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཧར་པ་སྤུར་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཧར་པ་སྤུར་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་སློབ་གྲྭ་འདི་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་འདིའི་མགྲོན་གྱི་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག དང་སློབ་ཨང་ ༢༢ ཀྱི་དམག་སྤྱི་སྐུ་ཞབས་ཨ་ཤིཤ་ཨ་ཧུ་ཇ་ (Ashish Ahuja) མཆོག སློབ་གྲྭའི་སློབ་སྤྱི་ཨེ་པི་སིང་ (A.P Singh) མཆོག དང་སློབ་ཀྱི་རུ་དཔོན་དང་། མདའ་དཔོན། མདའ་ཟུར། ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། དེ་དེ་བཞིན་གཞིས་ཆགས་ཁག་གི་གཞིས་འགོ་རྣམ་པ། སློབ་གྲྭ་འདིའི་དགེ་རྒན་དང་། ལས་བྱེད་སློབ་ཕྲུག་སྐུ་མགྲོན་རྣམ་པ་བཅས་ཚང་མ་ལོགས་ལ་ཐོག་མར་ངས་མཛའ་བརྩེ་ཆེན་པོའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཧར་པ་སྤུར་གཏན་ཉིན་སློབ་གྲྭ་དེ་ཐོག་མར་ཅག་ར་ཏ་ (chakrata) ལ་ (Children School) ཞེས་ཟེར་བ་དང་། དེ་ནས་ (SFF Secondary School) དང་། ཕྱི་ལོ་ ༡༩༩༤ ནས་བཟུང་སྟེ་ (Central School For Tibetans Herbertpur) ཞེས་ཆགས་བསྡད་པའི་ལོ་རྒྱུས་ཤིག་རེད། དེ་འདྲ་ཡིན་ཙང་ཐོག་མར་གསར་འཛུགས་གནང་མཁན་གཙོ་བོར་གྱུར་བའི་བརྒྱུད་རིམ་འདིའི་ནང་ལ་ཕྱག་ལས་གནང་མཁན་སློབ་སྤྱི་དང་། དགེ་རྒན། ལས་བྱེད་གད་ཕྱག་མཁན་དང་། ཡིག་གད་ལ་སོགས་པ་དེ་དག་ཚང་མ་བཀའ་དྲིན་ཆེན་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་དག་ནང་ནས་གང་ཡང་རུང་བ་ཞིག་མེད་པ་ཡིན་ན། ཡན་ལག་མ་ཚང་བ་འདྲ་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་ཕྱི་ལོ་ ༡༩༧༠ ནས་བཟུང་སྟེ་ད་ལྟ་བར་དུ་ཕྱག་ལས་གནང་བཞིན་པ་དང་། གནང་བསྡད་པ། གནང་མཁན་ཚང་མ་ལོགས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། སློབ་གྲྭ་འདི་བཙུགས་པར་བརྟེན་ནས་གྲུབ་འབྲས་གང་དང་གང་ཐོན་ཡོད་རེད་ཅེས་ཞུས་ན། ད་རིང་ཁ་སང་ང་ཚོའི་སྤྱི་ཚོགས་ནང་ལ་བཀའ་བློན་ལས་ཐོག་ཡོད་རེད། བཀའ་བློན་ཟུར་པ་ཡོད་རེད། སྤྱི་འཐུས་ལས་ཐོག་ཡོད་རེད། སྤྱི་འཐུས་ཟུར་པ་ཡོད་རེད། གཞུང་ཞབས་མང་པོ་ཡོད་རེད། དགེ་རྒན་ཡོད་རེད། གང་བྱས་བོད་པའི་སྤྱི་ཚོགས་ནང་ལ་ཕྱག་ལས་གནང་མཁན་མང་པོ་ཞིག་སློབ་གྲྭ་འདི་ནས་ཐོན་པ་ཞིག་ཆགས་བསྡད་ཀྱི་ཡོད་རེད། སྤྱིར་བོད་པའི་གཞི་རིམ་སློབ་གྲྭའི་ནང་ནས་སློབ་གྲྭ་འདི་ཆེ་བ་གང་ཡང་མ་རེད། ཡིན་ནའང་གྲུབ་འབྲས་ཐོག་ནས་བྱས་པ་ཡིན་ན་གང་ལ་གང་འཚམ་གྱི་ཆེན་པོ་ཡོད་བསྡད་པའི་གནས་བབ་ཅིག་ཆགས་བསྡད་ཡོད་རེད། དེ་ཡང་གཙོ་བོ་ཐོག་མར་ས་བོན་བཏབ་པ་དེ་ནས་བྱུང་བཞག་པའི་་གནས་བབ་ཅིག་ཆགས་བསྡད་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་ཁྱེད་རང་ཚོ་སློབ་ཟུར་རྣམ་པ་ཚོ་ཡིན་ནའང་རེད། སློབ་གྲྭ་འགྲིམ་བཞིན་པ་ཡིན་ནའང་རེད། གང་བྱས་ཚང་མ་ལོགས་ལ་ལེགས་སོ་ཞུ་རྒྱུ་ཡིན། དོན་དག་ངོ་མ་ཁྱེད་རང་ཚོས་ད་ལྟ་ལོ་ངོ་ལྔ་བཅུ་འཁོར་བའི་གཞས་བཏང་བ་ནང་བཞིན་རེད། ཆུང་བྱིས་པའི་དུས་ཚོད་ནས་ན་གཞོན་དར་མའི་བར་ལ་གང་བྱས་སློབ་སྦྱོང་གནང་རྒྱུ་རེད། ཀུན་སྤྱོད་བསླབ་རྒྱུ་རེད། ཞལ་ལག་གནང་རྒྱུ་སོགས་གསོ་སྐྱོང་གནང་བར་བརྟེན་ནས་ད་ཆ་སོ་སོའི་རྐང་པའི་སྟེང་སོ་སོ་ལངས་ཐུབ་པ་ཞིག་བསྐྲུན་ཡོད་རེད། དེ་གཅིག་ཞུ་རྒྱུ་ཡིན།

ད་ང་ཚོ་མ་འོངས་པར་འཛམ་བུ་གླིང་གི་སྤྱི་ཚོགས་དེ་ཡག་པོ་ཞིག་ཡོང་དགོས་ཀྱི་རེད་དམ་མ་རེད། ཚུལ་དང་མཐུན་པ་ཞིག་དགོས་ཀྱི་རེད་དམ་མ་རེད་ཟེར་ན། ཡོང་དགོས་ཀྱི་ཡོད་པ་དེ་རྩོད་མེད་རེད། ཡོང་དགོས་ཀྱི་ཡོད་པ་ཡིན་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཡོལ་དུ་མེད་པའི་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པ་འདིའི་ཐོག་ལ་ང་ཚོ་ལོ་རྒན་པ་ཡིན་ནའང་རེད། དར་མ་ཡིན་ནའང་རེད། གཞོན་ནུ་ཡིན་ནའང་རེད། ཚང་མས་སློབ་སྦྱོང་གནང་དགོས། དེའི་རྒྱབ་ལ་ག་རེ་ཡོད་རེད། དང་པོ་དེ་བྱམས་བརྩེ་བསྐྲུན་རྒྱུ་ཟེར་ནའང་རེད། བཟང་སྤྱོད་གོང་མཐོར་གཏོང་རྒྱུ་ཟེར་ནའང་རེད། དེ་དག་ག་རེ་བྱས་ནས་གསུང་གི་ཡོད་རེད། སྤྱིར་འཛམ་བུ་གླིང་གི་མི་ཚང་མ་ལོགས་བདེ་སྐྱིད་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། བདེ་སྐྱིད་འདོད་ཀྱི་ཡོད་པ་ཡིན་ན། བདེ་སྐྱིད་བསྒྲུབ་རྒྱུའི་བྱ་བ་བརྩམ་དགོས་ཀྱི་ཡོད་རེད། ད་ལྟ་བར་དུ་ང་ཚོའི་སྤྱི་ཚོགས་འདིའི་ནང་ལ། རྙོག་གྲ་རབ་དང་རིམ་པ་ཟམ་མི་ཆད་པར་ཡོང་བ་དེ། ང་ཚོ་བདེ་སྐྱིད་འདོད་ཀྱི་ཡོད་ཀྱང་ང་ཚོས་བྱ་བ་ཚང་མ་ལོགས་སྡུག་བསྔལ་བསྒྲུབ་ཡག་ཤ་སྟག་ཅིག་གནང་བསྡད་ཙང་རེད། རང་ལ་ཆགས་པའི་སེམས། གཞན་ལ་སྡང་བའི་སེམས། ཆགས་སྡང་གི་བསམ་བློ་དེ་བརྒྱུད་ནས་འདྲ་མིན་སྣ་ཚོགས་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་རེད། མི་ལ་བཟང་སྤྱོད་དེ་ཙམ་མེད་པའི་རྐྱེན་གྱིས་མི་གཅིག་པུར་ཙམ་མ་ཡིན་པར་སྲོག་ཆགས་འབུ་སྲིན་དང་བཅས་པ་མང་པོ་ཞིག་ལ་རང་བཞིན་གྱི་དོ་ཕོག་ཡོང་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། བྱས་ཙང་མིའི་བཟང་སྤྱོད་གོང་མཐོར་གཏོང་ཐུབ་པ་ཡིན་ན། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་བདེ་སྐྱིད་ཡོང་རྒྱུ་དང་། འཚེ་བ་མེད་པ་ཆགས་རྒྱུ་ཞིག་རེད།

དེ་དེ་བཞིན་གྱི་ཆོས་ལུགས་ཚང་མ་ལོགས་མཐུན་སྒྲིལ་གོང་བུ་ཆིག་སྒྲིལ་དགོས་པ། སྤྱིར་ཆོས་ལུགས་དེ་ཞི་བདེ་བསྐྲུན་རྒྱུའི་ཆེད་དུ་རེད་མ་གཏོགས་ཕན་ཚུན་འགལ་ཟླ་བཟོ་རྒྱུ་ཞིག་རྩ་བ་ནས་མ་རེད། དེ་འདྲ་ཡིན་ཙང། དེང་སང་ཆོས་ཆོས་སུ་མ་འགྲོ་བ་བྱས་ནས་ལྡོག་ཏུ་འགྲོ་ནས་ཆོས་ཀྱི་མིང་འཁྱེར་ཏེ། འཛམ་བུ་གླིང་དེའི་སྟེང་གསོད་རེས་བཏུབ་རེས་མང་པོ་ཞིག་ཡོང་གི་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་པ་ལྟར། ལོ་ངོ་སྟོང་ཕྲག་མང་པོ་ཆོས་ལུགས་དེ་དག་ཡོད་བསྡད་པ་ཞིག་དང་། མ་འོངས་པར་ཡང་གནས་ཀྱི་རེད། དེ་འདྲ་ཡིན་ཙང་། དེ་དག་གནས་དགོས་ཀྱི་ཡོད་ན། འཆམ་མཐུན་བྱས་ནས་གནས་པ་ཡིན་ན་རང་ལ་ཕན་ཐོགས་པ། གཞན་ལའང་ཕན་ཐོགས་པ། དེ་མ་ཡིན་པར་ང་དང་ཁྱོད་ཟེར་ནས་བསྡད་ན་ག་དུས་ཡིན་ནའང་ལྷིང་འཇགས་ཡོང་གི་མ་རེད། གཙོ་བོ་དེ་ང་དང་ང་ཡིར་འཛིན་པར་བརྟེན་ནས་ཡོང་གི་ཡོད་རེད། ང་ཚོ་དབུ་མ་འཇུག་པའི་མཆོད་བརྗོད་ནང་། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །  གཙོ་བོ་དེ་ང་དང་ང་ཡིར་འཛིན་པར་བརྟེན་ནས་ང་ཚོ་འཁོར་བ་འདིའི་ནང་ལྷུངས་ནང་བསྡད་ཡོད་རེད། དེ་ནས་ཐར་བ་བྱེད་པ་ལ་བྱམས་སྙིང་རྗེ་ཟེར་བ་དེ་རང་བཞིན་གྱི་སླེབས་ཡོང་གི་རེད། བྱམས་སྙིང་རྗེ་ཡོད་པ་ཡིན་ན། ལྡོག་ཕྱོགས་ཀྱི་གནས་ཚུལ་དེ་ཚོ་ཡོང་གི་མ་རེད། རང་སྐྱིད་པ་དང་གཞན་ཡང་སྐྱིད་པ་ཡོང་གི་རེད། བྱས་ཙང་། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང༌། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། ། ཞེས་གསུངས་ཀྱི་ཡོད་རེད། དེ་འདྲའི་ཐོག་ལ་སློབ་སྦྱོང་གནང་དགོས་པ་ཞེ་དྲག་གལ་ཆེན་པོ་རེད། ཐུགས་བསྐྱེད་དམ་བཅའ་བཞི་དེ་རེད་ཅེས་གཅིག་པུར་མ་ཡིན་པར། དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་དག་ག་རེ་བྱས་ནས་གསུང་གི་ཡོད་རེད། མ་འོངས་པར་འཇིག་རྟེན་འདིའི་ནང་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་དགོས་ཀྱི་རེད་དམ་མ་རེད། བསྐྲུན་དགོས་ཀྱི་ཡོད་ན། མགོན་པོ་གང་གི་ཐུགས་བསྐྱེད་དམ་བཅའ་དེ་དག་ང་ཚོས་སློབ་སྦྱོང་གནང་ནས་དེའི་ལམ་དུ་འཇུག་ཐུབ་པ་ཞིག་གནང་དགོས་པ་དེ་གལ་ཆེན་པོ་རེད། དེ་འདྲ་ཡིན་ཙང་བོད་པའི་ཆོས་དང་། རིག་གཞུང་དེ་དག་སྲུང་སྐྱོབ་བྱ་རྒྱུ། བོད་པའི་ཆོས་དེ་དཔལ་ན་ལེནྜ་ནས་མར་དར་བའི་ཆོས་བརྒྱུད་ཅིག་ཡིན་པ། དེས་བོད་པ་ཙམ་མ་ཡིན་པར། འཛམ་བུ་གླིང་སྤྱི་ཡོངས་ལ་ཕན་ཐོགས་རླབས་ཆེན་ཞིག་ཡོང་གི་ཡོད་པ། དེ་རླབས་ཆེན་ཞིག་ཡོང་གི་ཡོད་པ་ཡིན་ན། ང་ཚོ་བོད་པ་ཚོས་དེའི་ཐོག་ལ་སློབ་སྦྱོང་གནང་དགོས་ཀྱི་ཡོད། དབང་རྟུལ་དད་པའི་རྗེེས་འབྲང་མ་ཡིན་པར། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཐོག་འགྲོ་དགོས་པ་གནད་འགག་ཆེན་པོ་ཆགས་བསྡད་ཡོད་རེད། དེ་དེ་བཞིན་གྱི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ཐོག་སློབ་སྦྱོང་གནང་དགོས་པ་དང་། ནང་པ་སངས་རྒྱས་པའི་ཆོས་དེ་ཡང་འབྱུང་ས་རྒྱ་གར་རེད། ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྐྲུན་ཐུབ་རྒྱུའི་ལམ་ཁ་ཞིག་ཡོད་རེད། དེ་མ་ཡིན་པའི་ཆོས་ལུགས་གཞན་དག་ཚོ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མ་སླེབས་ཀྱང་། སྲིད་རྩེ་བར་དུ་སླེབས་རྒྱུའི་ལམ་ཁ་ཞིག་ཡོད་རེད། དེ་འདྲའི་ཐོག་སློབ་སྦྱོང་གནང་དགོས་རྒྱུ་གལ་ཆེན་པོ་རེེད་འདུག་ཅེས་ཞུ་རྒྱུ་དང་། ད་རེས་ཀྱི་མཛད་སྒོ་གོ་སྒྲིག་གནང་མཁན་ཚོ་ས་ཆ་གང་སར་འཐོར་ནས་གནས་བསྡད་ཡོད་ཀྱང་། ཡག་ཐག་ཆོད་དུས་དྲན་གོ་སྒྲིག་གནང་བར་ལེགས་སོ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །