དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་མོན་གྷོ་གཞིས་ཆགས་དང་ཀོལ་ཀ་ཊ་གྲོང་ཁྱེར་བཅས་གཉིས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོ་དང་། ཕྱི་ཚེས་ ༢༦ ཉིན་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༣༠ དང་། ༣༡ བཅས་ཉིན་གཉིས་རིང་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་ཛཱཡཱ་པྲ་ཀཱཤ་ན་ར་ཡན་ (Jai Prakash Narayan) མཆོག་ནས་རྒྱ་དམར་གྱིས་བོད་ས་བཙན་འཛུལ་བྱས་པར་ངོ་རྒོལ་ཆེད་བོད་དོན་ཚོགས་ཆེན་བསྐོང་ཚོགས་གནང་ནས་ལོ་ངོ་ ༦༠ འཁོར་བའི་མཛད་སྒོ་བཅས་སོ་སོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་བ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་དོན་གཅོད་ལས་ཁུངས་སུ་ཐོངས་མཆན་དང་འབྲེལ་བའི་ཕྱག་ལས། ཕྱི་ཚེས་ ༡༧ ཉིན་རྒྱལ་ས་ལྡི་ལི་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༩ ནས་ ༢༢ བར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༣ ཉིན་ས་གནས་ནས་ལྡི་ལིར་ཕྱིར་ཕེབས་གནང་རྗེས། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་ཀོལ་ཀ་ཊར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༦ ཉིན་ཀོལ་ཀ་ཊར་བོད་དོན་ཚོགས་ཆེན་བསྐོང་ཚོགས་གནང་ནས་ལོ་ངོ་ ༦༠ འཁོར་བའི་མཛད་སྒོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ས་གནས་ནས་ལྡི་ལིར་ཕྱིར་ཕེབས་གནང་སྟེ། ཕྱི་དྲོ་ལྡི་ལི་ནས་སྤྱི་སྤྱོད་རླངས་འཁོར་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །