དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྷོ་སོག་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་འཇར་མན་གནས་བཞུགས་སྐུ་ཞབས་ཊེན་ཆི་རི་ཊོ་ (Tenchireto) ལགས་ཀྱིས་གཙོས་རྒྱལ་ཁབ་ཁག་ལྔ་ནས་ཕེབས་པའི་སོག་པོའི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་བོད་སོག་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་པའི་ལོ་རྒྱུས་ཉག་ཕྲ་བའི་སྐབས་འདིར་ཁོང་རྣམས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བའི་སྐོར་ལ་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་འཛམ་གླིང་ནང་སྐྱབས་བཅོལ་བ་མང་པོ་ཡོད་པའི་ནང་ནས་རྒྱལ་ཁབ་རང་བཙན་ཡོད་པ་ལྟར། སོ་སོར་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་ཆ་ལག་ཚང་བའི་མང་གཙོའི་གཞུང་ཡོད་པ་བོད་པ་གཅིག་པུ་ཆགས་ཡོད་པ་དང་། དེ་ཡང་བོད་ཀྱི་གནས་སྟངས་སྤྱི་ཡོངས་ནས་ཛ་དྲག་གཉན་ཕྲང་ཅན་དུ་གྱུར་པའི་སྐབས་དེར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་ ༡༦ དང་ཕྱི་ལུགས་དགུང་ལོ་ ༡༥ ལས་སོན་མེད་ཀྱང་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་བ་དང་། ཁོང་སྐུ་ན་ཕྲ་མོའི་དུས་ནས་བོད་ནང་གི་ལམ་ལུགས་རྙིང་པ་ཁག་མེད་པ་བཟོ་རྒྱུའི་ཆེད་ལེགས་བཅོས་ཚོགས་པ་བཙུགས་པ་དང་། རྒྱ་གཞུང་དང་ལྷན་ཞི་བའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་ཡང་། རྒྱ་དམར་གཞུང་གིས་འགོག་རྐྱེན་སྣ་ཚོགས་བཟོས་ཏེ་དགོངས་པ་ཇི་བཞིན་མ་གྲུབ་སྟབས། བོད་ནང་མང་གཙོའི་ལམ་ལུགས་ཐོག་བསྐྱོད་ཐུབ་མེད་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད།

བཙན་བྱོལ་ནང་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ཁག་གི་སྐུ་ཚབ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་ཕུལ་བ་དང་ཆབས་ཅིག་མནའ་གན་མཐུ་མོ་ཆེ་བཞག་པ་རེད། དེ་སྔ་བོད་རང་བཙན་ཡིན་པའི་དུས་སྐབས་སུ་ང་ཚོ་ནང་ཁུལ་མཐུན་སྒྲིལ་མ་བྱས་པའི་རྐྱེན་གྱིས་ང་ཚོའི་གནས་བབ་དེ་འདྲ་ཞིག་ཆགས་སོང་། ད་ནས་བཟུང་༸གོང་ས་མཆོག་གིས་དབུ་འཁྲིད་གནང་རོགས་གནང་། ང་ཚོ་ཆོལ་གསུམ་ཆོས་ལུགས་དང་བཅས་པས་ལྕགས་ཀྱི་གོང་བུ་ལྟར་རྡོག་རྩ་གཅིག་སྒྲིལ་བྱས་ནས་༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་གི་ཡིན་ཞེས་གསུངས་ཡོད་རེད། དེ་དུས་༸གོང་ས་མཆོག་གིས་བཀའ་སློབ་གང་ཕེབས་ཡོད་རེད་ཅེ་ན། ལྕགས་ཀྱི་གོང་བུ་དེ་འཁྱགས་པའི་གོང་བུ་ནང་བཞིན་མ་ཆགས་པ་བྱེད་དགོས་པ་དང་། མ་འོངས་པའི་ང་ཚོའི་སྒྲིག་འཛུགས་དེ་སྔོན་མ་ལྟ་བུ་མ་ཡིན་པར། མི་མང་གིས་འོས་འདེམས་བྱས་པའི་སྒྲིག་འཛུགས་གཅིག་ཆགས་དགོས་ཀྱི་རེད། བྱས་ཙང་སྔ་འཕྲོས་རིང་ཆོལ་ཁ་གསུམ་སོ་སོ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་སོ་སོ་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་ཕེབས་གནང་བ་ལྟར་ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་སྤྱི་འཐུས་ནས་དམ་བཅའ་ཕུལ་གནང་ཡོད་པ་སོགས་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཚུལ་དང་། འཛམ་གླིང་རྒྱལ་ཁབ་གཞན་གྱི་མང་གཙོའི་འགྲོ་ལུགས་དང་མི་འདྲ་བར་བཙན་བྱོལ་བོད་མིའི་མང་གཙོའི་དམིགས་བསལ་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་སྐོར་དང་། དེའི་འོས་དམིགས་སྲིད་དོན་ཚོགས་པའི་ངོས་ནས་མི་འདོན་པར། མི་མང་ནས་ཐད་ཀར་འོས་དམིགས་འདོན་གྱི་ཡོད་པའི་དགེ་མཚན། མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་སྙིང་བསྡུས། བཅའ་ཁྲིམས་དང་རྩ་ཁྲིམས་གཉིས་ཀྱི་ཁྱད་པར། བཙན་བྱོལ་ནང་མི་མང་བརྒྱ་ཆ་དྲུག་ཅུ་བརྒལ་བས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ཡིན་པ། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཡོད་པ་སོགས་ཀྱི་ཐོག་གསུངས་གནང་བ་དང་།

སྐུ་ཞབས་ཊེན་ཆི་རི་ཊོ་ལགས་ཀྱིས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བཅར་མྱོང་ཡོད་པ་དང་། ད་རེས་བཅར་ཐེངས་གཉིས་པ་ཡིན་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད། སོག་པོའི་མི་མང་ནས་ཀྱང་སངས་རྒྱས་ལ་ངོས་འཛིན་གྱིས་དད་པ་ཆེན་པོ་ཡོད་སྐོར། ཁོང་རྣམས་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་རྒྱུ་དང་། བོད་དང་སོག་པའི་དབར་ཆོས་དང་རིག་གཞུང་བཅས་ཀྱི་འབྲེལ་བའི་ཐོག་གོ་བསྡུར་སྦྱངས་བཤད་གནང་རྒྱུ་བཅས་ཡིན་སྐོར་སོགས་གསུངས་གནང་རྗེས།  དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་སོག་གཉིས་དབར་ཆོས་དང་། རིག་གཞུང་ལ་སོགས་པའི་འབྲེལ་བ་གཏིང་ཟབ་ཡོད་དུས་འདས་པའི་ལོ་རྒྱུས་ཁག་ལ་ཞིབ་འཇུག་གནང་རྒྱུས་མཚོན་བོད་སོག་སྐུ་ཚབ་དབར་ཆོས་དང་རིག་གཞུང་ཐོག་གོ་བསྡུར་སྦྱངས་བཤད་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་གནང་ཡོད་པ་དང་། དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དུ་ཕེབས་གནང་ཡོད་པ་བཅས། །