དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་མཇུག་བསྡོམས་མཛད་སྒོའི་སྐབས་གསུང་བཤད་གནང་བ།

༄༅། །འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་གཙོ་བོར་གྱུར་བའི་ཚོགས་བཅར་བ་ཚང་མ་ལོགས་ལ་ཐོག་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ངས་མཇུག་བསྡོམས་འདིར་ཞེ་དྲག་ཞུ་རྒྱུ་མེད། ཐོག་མར་དམིགས་བསལ་ཚོགས་ཆེན་འདི་འགོ་མ་འཛུགས་པའི་སྐབས་ལ། འདི་གང་འདྲ་ཞིག་བྱུང་ཡོང་། ཁ་ཤས་ཀྱིས་ངོ་རྒོལ་བརྒྱབ་པར་ཡོང་གི་རེད་ཟེར་མཁན་འདྲ་པོ། ཡང་ཁ་ཤས་ཀྱིས་གཅིག་གཉིེས་ཡོང་གི་རེད་གསུང་མཁན་དེ་འདྲ་བྱུང་སོང་། གང་གི་ཆེད་དུ་ངོ་རྒོལ་བྱེད་རྒྱུ་ཡིན་ནམ་བསམ་བྱུང་། ང་ཚོའི་བརྗོད་གཞི་གཉིས་ཀྱི་ཐོག་ལ་ངོ་རྒོལ་བྱ་རྒྱུའི་ལམ་ཁ་ཞིག་ཁྱོན་ནས་མི་འདུག དེ་ག་རེ་འདྲ་གཅིག་ཡིན་ནམ་བསམ་བསྡད་ཡོད་ཀྱང་། དེ་རིང་རྒྱལ་ཁབ་ཁག་ ༢༤ ནས་ཚོགས་བཅར་བ་ ༣༤༠ ཙམ་ལྷན་འཛོམས་གནང་། ལྷན་འཛོམས་གནང་རྗེས་སྙན་ཐོ་དེ་ཚོའི་ནང་གཟིགས་པ་ཡིན་ནའང་། མང་ཆེ་བ་གཅིག་སྤྱི་མོས་རང་གིས་ཐོག་ནས་ཕྱིན་ཡོད་པ། དེ་འདྲ་ཡིན་ཙང་། དོན་ངོ་མ་ང་ཚོའི་སྤྱི་ཚོགས་དེའི་བསམ་བློ་གཏོང་སྟངས་ཡིན་ནའང་རེད། ལས་ཀ་ལས་སྟངས་ཡིན་ནའང་རེད། གང་ཅིའི་ཐོག་ནས་ཡིན་ནའང་རྡོག་རྩ་གཅིག་སྒྲིལ་ཡིན་པ་ཞིག་དེ་རིང་སྟོན་ཐུབ་སོང་བསམ་པའི་ཚོར་སྣང་བྱུང་།

གཙོ་བོ་དེ་རིང་གི་བརྗོད་གཞི། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་རེད། དེའི་ཐོག་ང་ཚོས་གྲོས་ཆོད་བཞག་ཐུབ་པ་དེ་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་བཞག་པ་དེ། དེ་རིང་ང་ཚོའི་ལངས་ཕྱོགས་དེ་འདྲ་ཞིག་ཡིན་ཞེས་གསལ་པོ་བཟོ་ཐུབ་པ་རེད། དེ་འདྲ་ཡིན་ཙང་། ཡང་ནས་ཡང་དུ་བཀའ་འདྲི་གནང་མི་དགོས་པའི་ཐོག་ནས་མ་འོངས་པའི་མི་རབས་ནས་མི་རབས་རྗེས་ལ། ང་ཚོའི་ལངས་ཕྱོགས་གང་ཡིན་པ་དེ་གསལ་པོ་བཟོ་ཐུབ་པ་རེད་བསམ་གྱི་འདུག དེ་རིང་གི་བརྗོད་གཞི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བའི་ཐོག་ལ་གྲོས་ཆོད་དོན་ཚན་བཞི་ཡོད་རེད། སང་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བའི་སྐབས་ལ་ང་ཚོས་གྲོས་ཆོད་དེ་ཡར་འབུལ་རྒྱུ་ཡིན།

དེ་ནས་བརྗོད་གཞི་གཉིས་པ་ལྔ་དང་ལྔ་བཅུ་དེའི་ནང་བལྟས་པ་ཡིན་ནའང་། མང་ཆེ་བ་གཅིག་དགོངས་ཚུལ་གཅིག་པ་འདྲ་པོ་ཞིག་ཡོང་གི་འདུག དེའི་ནང་ནས་ཁ་ཤས་ཁ་ཤས་ང་ཚོས་ལག་བསྟར་གནང་བཞིན་པ་དེ་འདྲའང་མང་པོ་འདུག ག་རེ་ཡིན་ནའང་དེ་རིང་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ལ་དགོངས་འཆར་གང་ཡོད་པ་ཚང་མ་ལོགས་ང་ཚོས་ངོས་བཞེས་ཞུས་གནང་ཡོད་རེད། དེ་འདྲ་ཡིན་ཙང་། འབྱུང་འགྱུར་བཀའ་སྤྱི་གཉིས་ལྷན་འཛོམས་གནང་བའི་ཐོག་ནས། ཕྱག་ལས་གནང་ཟིན་པ་ག་རེ་འདུག གནང་རྒྱུ་བསྡད་པ་ག་རེ་འདུག དེ་ཚོ་དབྱེ་གསེས་བྱས་ནས་གནང་མ་ཐུབ་པ་ག་རེ་འདུག གནང་ཐུབ་པ་ག་རེ་འདུག དེ་ཚོའི་གྲས་མ་འོངས་པར་གསལ་བཤད་ཡོང་གི་རེད། ད་ལྟ་ངའི་བསམ་བློ་གཏོང་སྟངས་བྱས་པ་ཡིན་ན། ང་ཚོ་ལོ་ལྔའི་ནང་ཚུད་ལ་བོད་དོན་བདེན་མཐའ་གསལ་ན་ག་རེ་བྱེད་དགོས་ཀྱི་རེད། རྒྱུན་རིང་པོ་ལོ་ལྔ་བཅུ་ཙམ་ལྷག་པ་ཡིན་ན། ག་རེ་བྱེད་རྒྱུ་ཡོད་རེད་གསུང་རྒྱུ་དེ། ང་ཚོས་བཙན་བྱོལ་ནང་ག་རེ་བྱེད་རྒྱུ་ཡོད་པ་དེ་གཅིག་རེད། དེ་དང་མཉམ་དུ་ང་ཚོས་དགོངས་པ་ག་རེ་བཞེས་དགོས་ཀྱི་འདུག་ཟེར་ན། བོད་དོན་བདེན་མཐའ་གསལ་བ་ཡིན་ན། ང་ཚོས་ག་རེ་བྱེད་ཀྱི་ཡིན། དེའང་ང་ཚོས་ད་ལྟ་ཉིད་ནས་འོག་གྲབས་གནང་དགོས་རྒྱུ་ཞེ་དྲག་གལ་ཆེན་པོ་རེད་བསམ་གྱི་འདུག

འདས་པའི་ལོ་རྒྱུས་དེ་ཚོའི་ནང་གཟིགས་པ་ཡིན་ན། དེ་སྔ་ཨུ་རུ་སུའི་ (Soviet Union) མངའ་འོག་ལ་ཡོད་པའི་རྒྱལ་ཁབ་ཆུང་ཆུང་དེ་ཚོའི་གྲས་ཕྱིས་སུ་རང་བཙན་ཐོབ་ཡོང་དུས། དེ་སྔའི་གནས་བབ་ལས་སྡུག་ཏུ་ཕྱིན་ནས་དཀའ་ངལ་མང་པོ་འཕྲད་པ་བྱུང་འདུག བྱས་ཙང་མ་འོངས་པར་ང་ཚོས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཙོ་བོར་ཟིན་པའི་ཐོག་ནས་ག་རེ་ག་རེ་གོམ་པ་བརྒྱབ་དགོས་ཀྱི་འདུག བདེན་མཐའ་གསལ་བ་ཡིན་ན། ང་ཚོས་ག་རེ་བྱེད་དགོས་རེད། དེ་ཚོའི་ཐོག་ལའང་འོག་གྲབས་གནང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག

དེ་ནས་ད་ལྟ་སྙན་ཐོ་དེ་ཚོའི་ནང་མི་མང་གི་དགོངས་འཆར་ནང་ལ། ང་ཚོ་གཞིས་ཆགས་སྲ་བརྟན་ཡོང་རྒྱུའི་ཆེད་དུ་བོད་པ་རང་གིས་དངོས་ཆས་བཟོ་རྒྱུ་དང་། དེའི་མ་རྩ་འཛུགས་རྒྱུ་ལ་སོགས་བོད་པའི་ཚོང་པ་ཆེ་ཁག་ཚོས་གནང་རྒྱུ་ཟེར་བ་དེ་ཚོ་ཡག་པོ་ཞེ་དྲག་འདུག དེ་ཚོའི་གྲས་ཚོང་པ་ཆེན་པོ་མང་པོ་ཡོད་རེད། དེ་ཚོས་གནང་ཐུབ་པ་ཡིན་ན། དེ་ཚོའི་འཆར་གཞི་བསྒྲིག་རྒྱུ་གལ་ཆེན་པོ་རེད། དེ་གཅིག་ཞུ་རྒྱུ་ཡིན། ད་ལྟ་འདིར་ནམ་མཇུག་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་འཁོར་མར་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསུངས་པ་དེར་དགའ་པོ་ཞེ་དྲག་བྱུང་། དོན་དམ་པར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་གང་དུའང་ཡོད་མ་རེད། དེ་འདྲ་ཡིན་ཙང་། བཀའ་དྲིན་ཆེན་པོ་ཡིན་པ་དེ་ང་ཚོས་རྗེས་དྲན་ཞུ་དགོས་པ་དེ་བཟང་སྤྱོད་ཟེར་ནའང་རེད། ཡ་རབས་ཟེར་ནའང་རེད། དེ་ཆགས་ཀྱི་ཡོད་རེད། དགའ་པོ་ཞེ་དྲག་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་བསྡོམས་འདིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་། ཞེས་གསུངས་གནང་ཡོད་པ་བཅས། །