དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

༄༅། །དཔལ་ལྡན་སྲིད་སྐྱོང་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ། ཚང་མ་ལ་ཞུ་རྒྱུར་དེ་རིང་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༧ པ་དེ་རྩ་བའི་སྔོན་རྩིས་ཀྱི་ཚོགས་དུས་ཤིག་ཆགས་ཀྱི་ཡོད་པ་རེད། དེ་རིང་སྔོན་རྩིས་ཀྱི་ཚོོགས་དུས་འདིའི་ནང་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ ༦ ཙམ་ཞིག་བཞག་ཡོད་པ་རེད། དེ་ཡང་། རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་། མདོ་སྨད་ཨ་མདོ་རྔ་བ་ནས་ཡིན་པ་རྡོ་བོ་ལགས་སྐུ་ཚེ་མ་ཟིན་པ། དེ་དེ་བཞིན་གྱི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག སྤྱི་ཟུར་མངའ་རིས་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ལགས། རྒྱ་གར་གྱི་མེ་འཁོར་བློན་ཆེན་ཟུར་པ་ཇོར་ཇ་ཕར་ནན་ཌེས་ (George Fernandes) མཆོག་རེད། དེ་ནས་ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི། ཨེཇ། ཌབ་ལུ། བྷུཤ་ (George H.W. Bush ) བཅས་གཤེགས་པ་ལ་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་པ་རེད།

དེའི་རྗེས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ་རེད། གཙོ་བོ་དེ་ངས་གོང་ལ་ཞུས་པ་ལྟར་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་ཀྱི་གསུང་བཤད་གནང་རྒྱུ། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་རྒྱུ། དེའི་རྗེས་ལ་སྤྱི་ཡོངས་ཀྱི་སྔོན་རྩིས་བགྲོ་གླེང་གནང་རྒྱུ། དེ་ནས་ལས་ཁུངས་རེ་རེ་བཞིན་དུ་ལས་དོན་དང་རྩིས་འགོའི་ཐོག་ལ་གོ་བསྡུར་སྦྱངས་བཤད་གནང་རྒྱུ་ལ་སོགས་པ་གང་ལྟར་ཧ་ཅང་ཡག་པོ་བྱུང་སོང་། དེ་ནས་དྲི་བ་དྲིས་ལན་གཉིས་ཙམ་ཞིག་བྱུང་ཡོད་པ་རེད། ཁྲིམས་བཟོའི་ལས་དོན་གསུམ་བསླེབས་པའི་ནང་ནས་གཅིག་ཕྱིར་བསྡུ་བྱས་ནས་གཉིས་གཏན་འབེབས་བྱུང་ཡོད་པ་རེད། དེ་ནས་བཀའ་ཤག་གི་གསལ་བཤད་གནང་རྒྱུ་དང་། བཀའ་ཤག་གི་གསལ་བཤད་ཐོག་ལ་བགྲོ་གླེང་། བགྲོ་གླེང་གནང་ཟིན་པའི་རྗེས་ལ་དེར་ལན་འདེབས། དེའི་རྗེས་འབྲེལ་གྱི་གྲོས་ཆོད་བཞག་རྒྱུ་ལ་སོགས་པ་བྱུང་ཡོད་པ་རེད། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་རྒྱུ་རེད། དེའི་རྗེས་འབྲེལ་གྱི་བགྲོ་གླེང་དང་གྲོས་ཆོད་འཇོག་རྒྱུ་ལ་སོགས་པ་དེ་དག་བྱུང་ཡོད་པ་རེད།

རྩ་བའི་ང་ཚོ་དེ་རིང་གྲོས་ཚོགས་ནང་ལ་དབུ་མའི་ལམ་གྱི་སྐོར་རེད། དོལ་རྒྱལ་སྐོར་སོགས་མང་པོ་ཞིག་བསླེབས་སོང་། དེ་འདྲ་ཡིན་ཙང་དབུ་མའི་ལམ་དེ་དོན་ངོ་མ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར་རེད། རྩ་བའི་༸རྒྱལ་བ་རིན་པོ་ཆེའི་བཀའི་དགོངས་པ་མ་འོངས་སྔོན་གཟིགས་ཀྱི་བཀའ་དགོངས་ཡིན་པ་གང་ཞིག་ལ། རྒྱ་ཆེའི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པའི་ཐོག་ནས། དེའང་གཞིས་བྱེས་གཉིས་ཀྱིས་རྒྱབ་སྐྱོར་ཡོད་པའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བཞག་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་ཙང་དེའི་ཐོག་ལ་ང་རང་ཚོ་ཚང་མས་མཇུག་སྐྱོང་གནང་དགོས་པ་དེ་གལ་ཆེན་པོ་ཞིག་རེད། དེ་གཅིག་ཞུ་རྒྱུ་ཡིན།

དེ་ནས་ང་ཚོ་དོལ་རྒྱལ་སྐོར་དེ་ང་ཚོ་བོད་པ་གཅིག་ཡིན་ནའང་ཚུར་བསྡུས་དགོས་ཀྱི་ཡོད་པ་རེད། ཡིན་ནའང་ཁོ་བོད་པ་ཞིག་གི་ངོ་བོའི་ཐོག་ནས་ང་ཚོ་སོ་སོས་སྲུང་དགོས་པ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་སྲུང་དགོས་ཀྱི་རེད་མ་གཏོགས་པས་རྒྱབ་འགལ་རང་བྱེད་བསྡད་པ་དེས་ང་ཚོས་ཚུར་ལེན་ཐུབ་རྒྱུ་ཡོོད་པ་མ་རེད། གང་ལྟར་ཁ་སང་འདིར་སྤྱི་འཐུས་ཁ་ཤས་ཀྱིས་རྒྱབ་ལྗོངས་རྒྱུ་མཚན་དང་བཅས་པ་གསལ་བཤད་གནང་སོང་། ཡག་ཐག་ཆོད་གནང་སོང་། དེ་བཞིན་ཆགས་བསྡད་ཡོད་པ་རེད། དེ་ཡིན་ཙང་ཁོ་ཚོས་བླང་དོར་ལྡོག་ཤེས་བྱས་པ་ཡིན་ན། ག་དུས་ཡིན་ནའང་ང་ཚོས་ཚུར་བསྡུ་དགོས་ཀྱི་རེད། མ་བྱུང་ན་ཡོང་རྒྱུ་ཡོད་པ་མ་རེད། དེ་གཅིག་ཞུ་འདོད་བྱུང་།

དེ་ནས་དེ་རིང་ང་རང་ཚོ་གྲོས་ཚོགས་ཚོགས་པའི་སྐབས་ལ་སྤྱི་ཚོགས་བདེ་དོན་རེད། འཕྲོད་བསྟེན། ཤེས་ཡོན་སོགས་ཀྱི་ཐོག་ལ་དགོངས་འཆར་ཧ་ཅང་ཡག་པོ་གནང་སོང་། འཛིན་སྐྱོང་ལའང་ཐུགས་ཕན་གསོས་སོང་གསུངས་ཀྱི་འདུག དངོས་གནས་གསོས་འོས་པ་ཞིག་ཆགས་སོང་བསམ་པ་ཞིག་བྱུང་སོང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནད་དོན་གང་དང་གང་ཡིན་པ་དེ་དག་ཧ་ཅང་གསལ་པོ་བཀའ་གནང་སོང་། དེ་ཡིན་ཙང་དེ་ཚོ་ཚང་མ་ལ་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་གང་ལྟར་ང་ཚོ་ཚང་མ་བོད་དང་བོད་མི་མང་གི་ཆེད་དུ་ལས་ཀ་བྱ་རྒྱུའི་ཆེད་དུ་མང་ཚོགས་ཀྱིས་བདམས་བཞག་པ་ཅིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་ཙང་ང་རང་ཚོ་ཚང་མ་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་རྡོག་རྩ་གཅིག་ཏུ་སྒྲིལ་བའི་ཐོག་ནས་གང་གནང་རྒྱུ་འདུག དེ་ཚོར་རིག་པའི་རྩལ་བཏོན་ནས་ད་ལྟ་ཡིན་ནའང་ཡག་ཐག་ཆོད་གནང་སོང་། ད་དུང་ཡིན་ནའང་མ་འོངས་པར་མུ་མཐུད་ནས་ཇི་སྲིད་ང་ཚོ་མ་འཁྱུར་བར་དེ་སྲིད་བོད་སྤྱི་པ་དང་། བོད་མི་རིགས། རྒྱལ་ཁབ་ཀྱི་ཆེད་དུ་སོ་སོའི་བློ་རྩལ་ནུས་པ་གང་འདོན་རྒྱུ་ཡོད་ནའང་འདོན་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་གཅིག་ཞུ་རྒྱུའི་འདོད་པ་བྱུང་།

དེ་རིང་ང་ཚོ་ལས་རིམ་གཅིག་གི་ནང་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྒྲིག་གཞི་དགོངས་དོན་གྱི་བཀའ་བློན་འོས་མི་གཅིག་འདོན་གནང་བ་རེད། གྲོས་ཚོགས་ནང་ལ་ཚོགས་གཙོས་སྔོན་ལ་གསལ་བཤད་བྱེད་པ་ལྟར་ངོ་ཡོད་གསུམ་ཆ་གཉིས་ཡོད་པ་ཡིན་ན་བརྒྱ་ཆ་ཉི་ཤུ་རྩ་གཅིག་དང་གྲངས་ཆུང་ལྔ་ལོན་དགོས་ཀྱི་ཡོད་པ་དེ་དག་འོས་གྲངས་བཤེར་མ་བྱེད་སྔོན་ནས་ཚོགས་གཙོས་གསལ་བསྒྲགས་བྱས་པ་ཡིན། དེའི་རྗེས་འོས་གྲངས་བཤེར་ལོན་པའི་སྐབས་ལ་སྤྱི་འཐུས་ ༢༡ གི་རྒྱབ་སྐྱོར་བྱུང་བ་རེད། ༢༡ གི་རྒྱབ་སྐྱོར་བྱུང་བ་ཡིན་དུས་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་ ༡ པོའི་ནང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་རྒྱུ་ཡིན་ནའང་རེད། སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཀ་བྱེད་རྒྱུ་ཡིན་ནའང་རེད། གང་ལྟར་རྩ་འབོར་དང་ངོ་ཡོད་རྩིས་པའི་སྐབས་ལ་སྐར་ཆ་རྩིས་མི་དགོས་ཞེས་གསུངས་ཡོད་པ་རེད། དེ་ཡིན་ཙང་བརྒྱ་ཆ་ ༢༡ དང་གྲངས་ཆུང་ ༥ འདི་རྩིས་སྐོར་སྟངས་གང་འདྲ་ཞིག་བསྐོར་གྱི་ཡོད་ན་མེད་ན། དེ་རིང་ཁ་སང་མི་མང་པོ་ཞིག་གིས་འགན་ Google ལ་མང་པོ་ཞིག་གི་ཁུངས་གཏུག་གི་ཡོད་པ་རེད། རྣམ་པ་ཚོ་ ༤༣ འདི་ Google ལ་བརྒྱ་ཆ་ ༥༠ ལ་བགོ་བ་ཡིན་ན་ག་ཚོད་ཆགས་ཀྱི་འདུག་ཅིག་གཟིགས་དང་། བརྒྱ་ཆ་ ༢༡ དང་གྲངས་ཆུང་ ༥ ཆགས་འགྲོ་ཡི་རེད། དེ་ཡིན་ཙང་ང་ཚོའི་ངོས་ནས་བརྒྱ་ཆ་ལོང་བ་ཞིག་ལ་ངོས་འཛིན་བྱས་པའི་ཐོག་ནས་ཐག་གཅོད་བྱས་པ་རེད། ཡིན་ནའང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བརྒྱ་ཆ་ལོང་མི་འདུག་གསུངས་ཏེ། གང་ལྟར་ད་ལྟའི་གནས་སྟངས་དེ་དེ་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡིན་ཙང་བརྒྱ་ཆ་སྐོར་ཕྱོགས་དེ་ཕྱོགས་མི་འདྲ་མི་འདྲ་རེད། ཡིན་ནའང་ང་ཚོའི་ངོས་ནས་ང་ཚོས་སྔོན་མ་ནས་བསྐོར་བཞག་པ་དེ་གཞི་རྩར་བཟུང་པ་རེད། ད་ལྟ་ Google སྔོག་པ་ཡིན་ནའང་དེ་བཞིན་འདོན་ཡོང་གི་འདུག དེ་མ་འགྲིག་པ་ཞིག་ཡིན་པ་མཐོང་གི་མིན་འདུག དེ་གཅིག་ཞུ་རྒྱུ་ཡིན།

དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་པ་རེད། དེའི་ཐོག་ལ་བགྲོ་གླེང་གནང་བ་རེད། གང་ལྟར་ཚོགས་ཆུང་འཛུགས་རྒྱུ་ཞིག་ད་ལྟ་རྒྱབ་གཉེར་ནང་ལ་ཡོད་པ་རེད། དེ་ཡིན་ཙང་ཚོགས་ཆུང་འདི་གང་འདྲ་འཛུགས་དགོས་ཀྱི་འདུག།དེ་ང་ཚོ་རྗེས་ལ་སྤྱི་འཐུས་རྒྱུན་ལས་ནང་ལ་གོ་བསྡུར་ཞུ་ཡི་ཡིན། ང་ཚོ་སྤྱི་འཐུས་ལྷན་ཚོགས་རང་གིས་འཛུགས་ཐུབ་རྒྱུ་ཞིག་རེད། ཡང་ན་འཛིན་སྐྱོང་མཉམ་དུ་གོ་བསྡུར་བྱས་ནས་གནང་རྒྱུ་ཞིག་རེད། ང་ཚོས་རྗེས་ལ་བབ་གཟིགས་ཞུ་རྒྱུ་ཡིན། དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོའི་ནང་ལ་གང་གསལ་བ་དེ་དག་ང་ཚོ་ད་ལྟ་ས་བགོས་ཕེབས་རན་གྱི་ཡོད་པ་རེད། བྱས་ཙང་ཕེབས་པའི་སྐབས་ལ་སོ་སོ་དང་འབྲེལ་བ་ཡོད་བསྡད་པའི་གནས་ཚུལ་གང་དང་གང་འདུག དེ་དག་གཟིགས་དགོས་རྒྱུ་ཞིག་རེད་འདུག གཟིགས་ནས་ས་གནས་སོ་སོ་ལ་སྐྱོན་གནས་གང་དང་གང་ཡོད་པ་དེ་དག་གསལ་པོ་བཟོ་དགོས་པ་ཞིག སྙན་ཐོའི་ནང་ཡོད་དགོས་པ་མང་པོ་ཞིག་གང་འདྲ་ཆགས་ཀྱི་འདུག་ཞུས་པ་ཡིན་ན། ཕ་གིར་རྩིས་ཞིབ་གནང་བར་ཕེབས་དུས་གསལ་པོ་ཞིག་མ་གསུང་པར་བརྟེན་སྙན་ཐོའི་ནང་སླེབས་ཡོང་གི་འདུག གསལ་པོ་ག་རེ་བཟོ་རྒྱུ་ཡོད་ནའང་རྩིས་ཞིབ་གནང་བའི་སྐབས་ལ་བཟོ་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ཕྱོགས་མཐའ་ཁག་ལ་ཕེབས་པའི་སྐབས་སུ། འདི་ཚོའི་གྲས་དེ་ལམ་སྟོན་གནང་རྒྱུ་གལ་ཆེན་པོ་འདུག་ཅེས་ཞུ་རྒྱུའི་འདོད་པ་བྱུང་།

དེ་ནས་ཚོགས་གཙོ་ཁ་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་མཇལ་ཞུས་པའི་སྐབས་ལ་བཀའ་སློབ་ཕེབས་རྒྱུ་གཅིག་དེ། སྔོན་མ་སྐབས་བཅུ་གསུམ་པའི་སྐབས་སུ་ལས་ཀ་བྱས་པའི་སྐབས་སུ་ལས་ཀ་འཕྲོ་ལྷག་པ་ཞིག་ཡོད་པ་རེད། གང་ལྟར་ང་རང་ཚོ་རྒྱ་གར་ནང་བོད་པ་ཕོན་ཆེན་པོ་ཞིག་གནས་བསྡད་ཀྱི་ཡོད་པ་རེད། དེ་ཡིན་ཙང་རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་ཁག་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་དགོས་པ་དེ་གལ་ཆེན་པོ་ཞིག་ཡིན་པ་དེ་༸སྐྱབས་མགོན་རིན་པོ་ཆེས་དེ་ག་རང་དགོངས་བཞེས་གནང་གི་འདུག ད་རེས་ཡིན་ནའང་བཀའ་སློབ་ད་ག་རང་ཕེབས་སོང་། སྔ་འཕྲོས་རིང་དེར་ང་རང་ཚོ་བོད་པ་གནས་ས་འདི་ཚོར་བཙུགས་དགོས་ཀྱི་འདུག་ཅེས་གསུངས་སོང་། དེ་འདྲ་ཡིན་ཙང་ང་རང་ཚོ་ད་ལྟ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ཕྱོགས་མཐའ་ཁག་ལ་ཕེབས་པའི་སྐབས་སུ་མངའ་སྡེའི་གྲོས་ཚོགས་འཐུས་མི་དེ་དག་མཇལ་འཕྲད་གནང་རྒྱུ། བཙུགས་ཐུབ་པ་ཡིན་ན་རྩེད་གྲ བཙུགས་མ་ཐུབ་པ་ཡིན་ནའང་གང་ལྟར་ལས་འགུལ་ཞིག་འགོ་བཙུགས་ཐུབ་དགོས་པ་དེའང་གལ་ཆེན་པོ་ཞིག་རེད་འདུག མཇུག་སྐྱོང་དེ་ས་གནས་འགོ་འཛིན་སོ་སོས་གནང་དགོས་པ་ཆགས་ཀྱི་རེད་བསམ་གྱི་འདུག སྤྱི་འཐུས་རྣམ་པ་ག་དུས་ཡིན་ནའང་ས་གནས་ལ་ཡོད་པ་མ་རེད། དེར་བརྟེན་ས་གནས་ས་ཐོག་ནས་ས་གནས་འགོ་འཛིན་རེད། ས་གནས་འཐུས་ཚོགས་རེད། དེ་དག་གི་མཇུག་སྐྱོང་གནང་དགོས་ཀྱི་རེད་ཅེས་ཞུ་འདོད་བྱུང་།

དེ་ནས་ད་རེས་ཀྱི་གྲོས་ཚོགས་འདི་འགོ་བཙུགས་པ་དང་ང་ཚོའི་ཚོགས་དྲུང་སྙུང་གཞི་བྱུང་ནས་བཤགས་བཅོས་གནང་དགོས་པ་ཆགས་པ་རེད། དེ་ནས་ང་ཚོའི་ལས་བྱེད་ཚེ་བརྟན་བསྐལ་བཟང་གཙོ་བོར་གྱུར་པའི་ལས་བྱེད་ཚང་མས་ཧུར་ཐག་རྦད་ཐག་གནང་སྟེ། གང་ལྟར་ད་རེས་འཐུས་ཤོར་མེད་པ་ཞིག་བྱུང་སོང་། དེར་བརྟེན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཆེ་ཕྲ་ཆུང་གསུམ་ཚང་མ་ལོག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། མུ་མཐུད་དེ་ལྟར་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། དེ་བཞིན་ང་རང་ཚོ་གྲོས་ཚོགས་ཚོགས་པའི་དུས་ལ་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཚོས་ཀྱང་སྲུང་བྱ་ཧ་ཅང་གི་ཡག་པོ་གནང་སོང་། དེ་དེ་བཞིན་གྱི་ང་ཚོ་སྒྲ་བརྙན་སྡེ་ཚན་གྱི་ཕྱག་ལས་གནང་མཁན་རེད། དེ་དག་ཚང་མས་ཕྱག་ལས་ཧུར་ཐག་རྦད་ཐག་གནང་སོང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྩ་བའི་ང་ཚོ་གྲོས་ཚོགས་འདི་ཚོགས་པའི་སྐབས་ལ་ལས་ཁུངས་ཚང་མ་དང་འབྲེལ་བ་ཡོད་པ་རེད། གང་ལྟར་དངོས་སུ་དོན་བསྡད་མཁན་དང་རྒྱབ་ལ་གནང་བསྡད་མཁན་གཙོས་པའི་དངོས་ཤུགས་བརྒྱུད་གསུམ་གྱི་ལས་བྱེད་ཚང་མ་ལོག་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། གང་ལྟར་ཚང་མས་ཕྱག་ལས་རེ་རེ་གནང་ཡོད་པ་རེད། ཚང་མ་ལོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམིགས་བསལ་གྱི་ད་རེས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་དཔེ་མ་སྲིད་པའི་མཐུན་འགྱུར་ཧ་ཅང་ཡག་པོ་གནང་སོང་། གང་ལྟར་ཚོགས་གཙོས་གསལ་བཤད་གནང་བ་དེར་གསན་བཞེས་ཡག་པོ་གནང་སྟེ། ཁ་སང་ངས་གྲོས་ཚོགས་འགོ་བཙུགས་པའི་སྐབས་ལ་གསུངས་པ་ནང་བཞིན། རྒྱ་ཆེའི་མང་ཚོགས་ཐུགས་མ་ཕམ་པ་བཟོ་དགོས་པ་དེ་ང་ཚོའི་འགན་རེད་ཅེས་ཞུས་པ་ནང་བཞིན་དངོས་གནས་ད་རེས་གནང་སོང་བསམ་པའི་ཚོར་བ་ཞིག་བྱུང་། དེར་བརྟེན་ཚང་ལ་ལོག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། མཐའ་མ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱི་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་ནས་ང་ཚོ་རྗེས་མ་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་ལ་བདེ་ཞིང་སྐྱིད་པའི་ངང་ལ་འཛོམས་རྒྱུའི་རེ་བ་དང་སྨོན་འདུན་ཞུས་པའི་ཐོག་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པ་དེ་གྲོལ་བ་ཡིན།