དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཡུ་རོབ་རྒྱལ་ཁབ་གསུམ་ནང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་མཛད་འཆར་ཁག་ལེགས་གྲུབ།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (Senator Jean-François Longeot) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (Senator Maurice Antiste) མཆོག་སོགས་དང་མཇལ་འཕྲད་སྐབས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕ་རན་སི་རྒྱལ་ས་པེ་རི་སིར་ (Paris) ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་ཕ་རན་སི་སྐུ་ཚབ་འབྲེལ་མཐུད་ལས་ཁང་གི་ལས་བྱེད་དང་། ས་གནས་བོད་རིགས་ཚོགས་པ་ཁག་གིས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་དང་ཕ་རན་སི་གྲོས་ཚོགས་འོག་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་མཇལ་འཕྲད་སྐབས།

དེ་ཡང་ཕྱི་ཚེས་ ༢༢ ཉིན་སྔ་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་ཕ་རན་སི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བོད་ཀྱི་ཁོར་ཡུག་ཉམས་ཉེས་ཆེན་པོ་འགྲོ་བཞིན་ཡོད་པའི་སྐོར། བོད་ནང་རྒྱ་ནག་གི་མི་འབོར་སྤོ་ཤུགས་ཆེད་ཁྲེན་ཏུ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་གསར་རྒྱག་ལས་འཆར་སོགས་བང་སྒྲིག་བཞིན་ཡོད་གནས། བོད་ནང་རང་ལུས་མེར་བསྲེགས་ཕུལ་བཞིན་ཡོད་སྐོར། དེ་བཞིན་ཕྱི་ལོ་ ༢༠༡༩ ནི་རྒྱ་ནག་གཞུང་གིས་བོད་ས་དབང་བསྒྱུར་བྱས་ནས་ལོ་ངོ་ ༧༠ དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བཙན་བྱོལ་དུ་ཞབས་སོར་འཁོད་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད་སྟབས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམ་པར་བོད་ཀྱི་གནད་དོན་མགྱོགས་མྱུར་གསལ་རྒྱུར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་དང་། ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་མཆོག་ཕ་རན་སི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འོག་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛ་བྷེཏ་ ཊུ་ཊུ་ པི་ཀར་ཌ་ (Elisabeth Toutut-Picard) མཆོག་གིས་སྣེ་ལེན་དང་། དེ་ནས་ལྕམ་སྐུ་མཆོག་གིས་གཙོས་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་གནད་དོན་གལ་ཆེ་མང་པོའི་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕ་རན་སི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སེ་སི་ལི་ ཀོ་ཌིར་ཡུ་མཆོག་དང་ཁོང་གི་ཕྱག་སྦྲེལ་ལྷན་མཇལ་འཕྲད་སྐབས།

ཕྱི་ཚེས་ ༢༣ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕ་རན་སི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་སེ་སི་ལི་ ཀོ་ཌིར་ཡུ་ (Ms Cecile Coudriou,President of Amnesty International,France) མཆོག་དང་། ཁོང་གི་ཕྱག་སྦྲེལ་ཁག་ཅིག་དང་མཇལ་འཕྲད་ཀྱིས་ཆུ་ཚོད་གཅིག་ལྷག་རིང་གནད་དོན་གལ་ཆེའི་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད།

གོང་གསལ་མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་རྣམ་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་རྣམ་པས་དཔལ་ལྡན་ཚོགས་གཙོ་མཆོག་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་ཇི་ཙམ་ཡོད་རུང་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དང་། མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ ནས་ ༢༣ བར་ཉིན་བཅུའི་རིང་ལཏ་ཝི་ཡ་ (Latvia) དང་། སྦེལ་ཇམ་ (Belgium) ཕ་རན་སི་ (France) བཅས་ཡུ་རོབ་རྒྱལ་ཁབ་གསུམ་གྱི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སོགས་མཇལ་འཕྲད་གནང་རྒྱུའི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༢༤ ཉིན་རྒྱ་གར་ལ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་ཡོད་པ་བཅས། །