དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྦེལ་ཇམ་ནང་གི་མཛད་རིམ་ཁག་ལེགས་གྲུབ།

དཔལ་ལྡན་ཚོགས་གཙོ་མཆོག་དང་ཕི་ལེ་མིཤ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇན་ པེའུ་མན་སི་ (Jan Peumans, Speaker of the Flemish Parliament) མཆོག

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༨ ཉིན་ཕྱི་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྦེལ་ཇམ་ (Belgium) རྒྱལ་ས་སྦར་སིལ་ (Brussels) དུ་ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་སྦར་སིལ་སྐུ་ཚབ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། དོན་གཅོད་ལས་བྱེད། དེ་བཞིན་ས་གནས་བོད་རིགས་ཚོགས་པའི་འགོ་འཁྲིད་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

སྦེལ་ཇམ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ སེ་བྷི་ན་ དི་ བྷི་ཐུ་ནི་ (Senator Ms Sabrina de Bethune) མཆོག

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་མཛད་རིམ་གྱི་ཉིན་དང་པོརཐོག་མར་ཕི་ལེ་མིཤ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇན་ པེའུ་མན་སི་ (Jan Peumans, Speaker of the Flemish Parliament) མཆོག་དང་། སྦེལ་ཇམ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ སེ་བྷི་ན་ དི་ བྷི་ཐུ་ནི་ (Senator Ms Sabrina de Bethune) མཆོག་རྣམ་གཉིས་དང་སོ་སོར་མཇལ་འཕྲད་གནང་ཡོད་པ་དང་།

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀ་ལའོ་ས་ བྷུ་ཆ་ནར་  (MEP Klaus Buchner, from Germany) མཆོག

དེ་ནས་རིམ་པས་ཡུ་རོབ་གྲོས་ཚོགས་སུ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀ་ལའོ་ས་ བྷུ་ཆ་ནར་  (MEP Klaus Buchner, from Germany) མཆོག་དང་།   གྲོས་ཚོགས་འཐུས་མི་ལྕམ་སྐུ་མོ་ལེ་ སི་ཀོཌ་ ཀེ་ཏོ་ (MEP Molly Scott-Cato, UK) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ལའེ་མ་ ཨན་ཌི་རི་ཀིན་ (MEP Laima Andrikiene, Lithuania) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཁེ་རི་ས་ཊན་ ཌན་ པི་རི་ཌ་ (MEP Christian Dan Preda, Romania) མཆོག

ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་མོ་ལེ་སི་ཀོཌ་ཀེ་ཏོ་ (MEP Molly Scott-Cato, UK) མཆོག

གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་མ་སི་ (MEP Tomas Dzechovsky, Czech Republic) མཆོག  གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་ མན་ (MEP Thomas Mann) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ར་མོན་ ཊི་མོ་ས་ (MEP Ramon Tremosa) མཆོག་དང་།  གྲོས་ཚོགས་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ (MEP Csaba Sogor) མཆོག་བཅས་ཡུ་རོབ་གྲོས་ཚོགས་འཐུས་མི་བརྒྱད་དང་མཇལ་འཕྲད་གནང་ཡོད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལའེ་མ་ ཨན་ཌི་རི་ཀིན་ (MEP Laima Andrikiene, Lithuania) མཆོག

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་། བསམ་བློའི་རང་དབང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་ཡོད་སྐོར་དང་།  བོད་ནང་རང་བྱུང་གཏེར་ཁ་གང་བྱུང་ཚད་མེད་བསྔོག་བཏོན་དང་། རྒྱུགས་ཆུ་ཁག་ལ་ཆུ་མཛོད་བརྒྱབ་པ། བོད་ནས་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་འཆར་དང་། ཁྲེན་ཏུ་ནས་ལྷ་ས་བར་ལྕགས་ལམ་གསར་རྒྱག་ལས་འཆར་སོགས་ཀྱིས་བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད་པའི་སྐོར།

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁེ་རི་ས་ཊན་ ཌན་ པི་རི་ཌ་ (MEP Christian Dan Preda, Romania) མཆོག

དེ་བཞིན་བོད་ནང་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་ཕུལ་བཞིན་ཡོད་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྗེས་ལོར་བོད་མི་རྣམས་རྒྱ་གར་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད་པ་བཅས་ཀྱི་ཐོག་གསུངས་གནང་ཡོད་པ་མ་ཟད། དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་སེལ་རྒྱུར་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་མོན་ ཊི་མོ་ས་ (MEP Ramon Tremosa) མཆོག

གྲོས་ཚོགས་འཐུས་མི་རྣམ་པས་ཁོང་རྣམས་སྔོན་མ་ནས་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་ཆེན་པོ་གནང་བཞིན་ཡོད་གནས་དང་། འབྱུང་འགྱུར་ཡང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་དང་། ཁོང་རྣམས་མང་ཆེ་བས་བོད་དང་བོད་མིའི་གནད་དོན་ལ་རྒྱབ་སྐྱོར་གནང་བར་བརྟེན་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པའི་ཉམས་མྱོང་སྐོར་དང་། ཡང་ཁག་ཅིག་གིས་རྒྱ་ནག་དབང་འཛིན་པ་ཚོས་ཁོང་རྣམས་ཀྱི་མིང་གཞུང་ནག་པོའི་ནང་བཀོད་དེ་ཁོང་རྣམས་ཀྱི་བུ་ཕྲུག་རྒྱ་ནག་ལ་འགྲོ་རྒྱུའི་མཐོང་མཆན་མི་སྤྲད་པ་སོགས་བྱས་པའི་སྐོར་གསུངས་གནང་ཡོད་པ་དང་།

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་མ་སི་ (MEP Tomas Dzechovsky, Czech Republic) མཆོག

དེ་བཞིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་མངོན་གསལ་དོད་པོས་གནོན་ཤུགས་སྤྲད་བཞིན་ཡོད་པའི་ཞིབ་ཕྲའི་གནས་ཚུལ་དང་། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་བྱེད་བཞིན་ཡོད་པའི་རྣམ་པ་གསལ་པོ་ཡིན་སྐོར་སོགས་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་དང་། ཁོང་རྣམས་ཚང་མས་བོད་ཀྱི་གནད་དོན་མགྱོགས་མྱུར་སེལ་བའི་སྨོན་འདུན་དང་། ཁོང་རྣམས་ཀྱི་ངོས་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ (MEP Csaba Sogor) མཆོག

སྦེར་སིལ་ཁུལ་གྱི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༢༡ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་ཕ་རན་སི་རྒྱལ་ས་པེ་རི་སི་ (Paris) ལ་ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་ཕ་རན་སི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས་དང་། ས་གནས་བོད་རིགས་ཚོགས་པའི་འགོ་འཁྲིད་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་ མན་ (Thomas Mann) མཆོག

ཕ་རན་སི་རྒྱལ་ས་པེ་རི་སིར་དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། དོན་གཅོད་ལས་བྱེད་བཅས་ཕེབས་གནང་ཡོད་པ་དང་། པེ་རི་སི་ཁུལ་དུ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་བཅས། །