དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྦིར་ལི་ལི་བོད་མིའི་ཚོགས་པའི་ཚོགས་ཁང་བློ་གྲོས་དགའ་ཚལ་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣༠ ཉིན་སྦིར་ལི་ལི་བོད་མིའི་གྲོང་སྡེ་གསར་པར་ལི་ལི་བོད་མིའི་ཚོགས་པའི་ཚོགས་ཁང་བློ་གྲོས་དགའ་ཚལ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པན་ཀཇ་ ཇེམ་ཝལ་མཆོག (Shri.Pankaj Jamwal, President of Indo Tibetan Friendship Society) དེ་བཞིན་མཆོག་སྤྲུལ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་ཡང་སྐུ་མགྲོན་དུ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་གླིང་ཚང་པདྨ་བདེ་ལེགས་མཆོག སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག སྤྱི་འཐུས་རྡོ་རྗེ་ཚེ་རིང་མཆོག དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ས་གནས་མི་མང་བཅས་ཕེབས་གནང་འདུག

མཛད་སྒོའི་ཐོག་མར་དགེ་འདུན་པ་ཁག་ཅིག་གིས་ཚོགས་ཁང་གསར་པར་རབ་གནས་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག མཆོག་སྤྲུལ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག དཔལ་ལྡན་ཚོགས་གཞོན་མཆོག་བཅས་ཀྱིས་ལི་ལི་བོད་མིའི་ཚོགས་པའི་ཚོགས་ཁང་གསར་པ་བློ་གྲོས་དགའ་ཚལ་དབུ་འབྱེད་གནང་རྗེས། སྐུ་མགྲོན་གཙོ་བོས་གཙོས་པའི་དམིགས་བསལ་སྐུ་མགྲོན་རྣམས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་དང་། ༧གོང་ས་མཆོག་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་གནང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ལི་ལི་གྲོང་སྡེའི་ཚོགས་གཙོ་ཡིས་གཙོས་པའི་འབྲེལ་ཡོད་ཚང་མས་ཐུགས་འགན་ཆེན་པོ་བཞེས་པའི་ཐོག་ནས་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་གི་སྟོང་ཆ་ཞིག་བསྐངས་ཐུབ་ཡོད་པ་དང་། ལྷག་པར་དུ་བོད་ནས་གསར་དུ་འབྱོར་མཁན་ཚོའི་ཐོག་ནས་སོ་སོས་དགོངས་པ་དམིགས་བསལ་ཞིག་བཞེས་ནས་དོ་བདག་གི་ལྟོ་གོས་ཙམ་མ་ཡིན་པར། བོད་སྤྱིའི་རིག་གཞུང་དང་། དེ་བཞིན་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་དམིགས་བསལ་དགོངས་པ་བཞེས་ནས་དེ་འདྲའི་ཕྱག་ལས་འགོ་བཙུགས་ཐུབ་པར་ཞེ་དྲག་ཡག་པོ་བྱུང་འདུག དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་གནང་བ་དང་། དེ་བཞིན་བླ་ཆེན་ཁག་རེད། འབྲེལ་ཡོད་ཚང་མས་མཐུན་འགྱུར་ཞེ་དྲག་ཡག་པོ་གནང་འདུག བྱས་ཙང་དེ་རིང་གོ་སྐབས་འདི་བརྒྱུད་ནས་འབྲེལ་ཡོད་སྐུ་ལས་བསྐྱོན་མཁན་དང་། མཐུན་འགྱུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

རྩ་བའི་བོད་པའི་གནས་སྟངས་དེ་གཞན་དང་མི་འདྲ་བ་ཞིག་ཆགས་ཡོད། གང་ཡིན་ཞེ་ན་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཤིག་ཆགས་པ་དང་། ང་རང་ཚོའི་ལུང་པ་ཤོར་ནས་མིའི་ལུང་པའི་ནང་སྐྱབས་བཅོལ་ཏེ་གནས་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད། ཡིན་ནའང་དེ་འདྲའི་གནས་སྟངས་གཅིག་གི་འོག་ང་ཚོས་སོ་སོའི་སེམས་ཤུགས་དང་ལྷག་བསམ་མི་འགྱུར་བར་བརྟན་པོར་གནས་ཡོད་པ་དང་། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་ཐོག་ནས་མི་རབས་རྒན་པ་ཚོས་མདུན་བསྐྱོད་བྱས་ཐུབ་ཡོད་པ་དང་། དེ་བཞིན་གནས་ཡུལ་རྒྱ་གར་དབུས་སའི་མཐུན་འགྱུར་དེ་ཚོར་བརྟེན་ནས་ང་ཚོ་བོད་པ་ཟེར་ཡོང་དུས། གླིང་ཆེན་ཨེ་ཤི་ཡ་ཙམ་མིན་པར། འཛམ་གླིང་འདིའི་ནང་བོད་པའི་མིའི་གཤིས་ཀ་དང་། བོད་པའི་རིག་གཞུང་། ལྷག་པར་དུ་བོད་ཀྱི་ནང་ཆོས་དེ་ཚོ་ཐུན་མོང་མ་ཡིན་པ་ཞིག་ལ་ཚང་མས་ངོས་འཛིན་བྱེད་ཐུབ་པའི་གཞི་རྩ་ལྟ་བུ་ཞིག་ཆགས་ཡོད། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་རེད། ཆོས་བརྒྱུད་ཁག་གི་དབུ་འཁྲིད་བླ་ཆེན་སོ་སོས་ཐུགས་འགན་བཞེས་པའི་ཐོག་ནས་གང་ལྟར་བོད་ཟེར་བ་དེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་མཁན་ཞིག་དང་། མི་རིགས་འདིར་ལ་རྒྱ་ཡོད་པ། ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལྡན་པ་ཞིག་ཡིན་པ་འཛམ་གླིང་འདིའི་ཐོག་ཚང་མས་ངོས་འཛིན་ཞུ་ཐུབ་པ་དེ་ང་རང་ཚོའི་གཟི་བརྗིད་དང་སྤོབས་པ་ཆགས་ཀྱི་ཡོད། དེ་བརྒྱུད་འཛིན་གནང་མཁན་ང་ཚོ་བོད་མི་རིགས་ཆགས་ཡོང་དུས། མ་འོངས་པར་མི་རིགས་དེའི་གཟི་བརྗིད་དང་། མི་རིགས་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཚོ་མ་ཉམས་པར་གནས་ཐུབ་པ་བྱེད་དགོས་པ་དེ་ང་ཚོ་བོད་མི་ཚང་མའི་ལས་འགན་ཆགས་བསྡད་ཡོད་རེད། སྐབས་རེ་ང་ཚོས་གཞིས་ཆགས་དང་། བོད་ནས་གསར་འབྱོར་ཟེར་བའི་ཐ་སྙད་དེ་འདྲ་བཏགས་ཀྱི་ཡོད་ཀྱང་། དོན་དུ་ང་ཚོ་ཚང་མ་བོད་མི་རིགས་ཆགས་ཀྱི་ཡོད་རེད། བོད་མི་རིགས་ཡིན་ཕྱིན་ཆད་ཀྱིས་མི་རིགས་དེའི་ཐོག་ལ་འགན་འཁུར་ནས་ཕྱག་ལས་གནང་དགོས་པ་གལ་ཆེན་པོ་རེད།

གཙོ་བོ་རྒྱ་གར་གཞུང་གི་མཐུན་འགྱུར་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་གནང་བ་དེ་འདྲའི་ཐོག་ནས་ང་ཚོ་སྐྱབས་བཅོལ་བ་མང་པོའི་ནང་ནས་མ་འདྲ་བའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། སོ་སོའི་སྒྲིག་འཛུགས་ཡོད་པ་དང་། སྒྲིག་འཛུགས་དེ་ལ་རེ་བ་དང་འབོད་སྐུལ་ཞུ་ས་ཡོད་པ། མི་མང་གི་ཐོག་ནས་ཀྱང་གཞན་རྟེན་གྱི་བསམ་བློ་རྐྱང་རྐྱང་མ་ཡིན་པར། སོ་སོའི་ངོས་ནས་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། རིག་གཞུང་དེ་བརྒྱུད་ནས་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་ཡིན་ནའང་དེ་སླར་གསོ་བྱེད་དགོས་པའི་དམིགས་ཡུལ་གཞི་རྩ་འཛིན་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། ལི་ལི་གྲོང་སྡེ་ལྟ་བུར་མཚོན་པར་ཡིན་ན། དེ་རིང་གོང་དུ་ལི་ལི་གྲོང་སྡེའི་ཚོགས་གཙོས་གསུངས་པ་ནང་བཞིན་རེད། ད་ལྟ་ཚོགས་ཁང་ཞིག་བརྒྱབ་པ་རེད། སྤྱིར་བཏང་གང་ཙམ་ཡག་པོ་ཞིག་བྱུང་འདུག ཡིན་ནའང་དེ་ཙམ་གྱིས་ཆོག་ཤེས་མ་བྱས་པའི་ཐོག་ནས་མ་འོངས་པར་དེའི་ནང་ལོགས་ལ་བཟོ་རིག་པ་དཔེར་ན་ཐང་ག་རི་མོ་ཡིན་ནའང་འདྲ། དེ་བཞིན་ཆོས་བརྒྱུད་ཁག་གི་དབུ་ཞྭས་མཚོན་པའི་ཆས་གོས་ཡིན་ནའང་འདྲ། དེ་བཞིན་ཤིང་བཟོ་རིགས་ལ་དམིགས་ཡུལ་ཡོད་ཅེས་གསུངས་གནང་སོང་། དེ་ཚོའི་གྲས་མུ་མཐུད་བརྒྱུད་འཛིན་གནང་ཐུབ་པ་ཡིན་ན། དེང་སང་བོད་ཀྱི་ཐང་ག་དེ་ཚོ་རིན་ཐང་ཆེན་པོ་ཆགས་བསྡད་ཡོད་རེད། ཕྱོགས་གཅིག་ནས་ང་རང་ཚོའི་རིག་གཞུང་གི་རིན་ཐང་སྟོན་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ཁ་ཐུག་ཞུས་ན་སོ་སོའི་ལྟོ་གོས་ལའང་ཕན་ཐོགས་ཐུབ་པའི་གནས་སྟངས་ཆགས་ཡོང་དུས། དེ་ཚོའི་ཐོག་ལ་མུ་མཐུད་ནས་འགན་འཁུར་མཁན་རྣམས་ཀྱིས་ཕྱག་ལས་གནང་ཐུབ་དགོས་པ། མཐུན་འགྱུར་སྦྱར་མཁན་རྣམས་ཀྱིས་ཐོག་ནས་མཐུན་འགྱུར་སྦྱར་ཐུབ་དགོས་པ། སྒེར་སོ་སོའི་ངོས་ནས་ལེ་ལོ་བྱས་ནས་དུས་ཚོད་ཆུད་ཟོས་སུ་མ་གཏང་བའི་ཐོག་ཕྱག་ལས་ཧུར་ཐག་གནང་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། དེ་འདྲའི་ཐོག་ནས་དམིགས་ཡུལ་གཞིར་བཟུང་གིས་མ་འོངས་པར་གྲུབ་འབྲས་ལྡན་པ་ཞིག་ཡོང་ཐུབ་རྒྱུར་ཚང་མས་དགོངས་པ་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན།

ངར་དམིགས་བསལ་ཞེ་པོ་གཅིག་ཞུ་རྒྱུ་མེད། མདོར་ན་སྤྱི་ཚོགས་ག་བར་ཡིན་ནའང་རེད། ལི་ལི་གྲོང་སྡེ་ལྟ་བུར་མཚོན་པར་ཡིན་ནའང་། སྡོད་ཁང་ ༧༠ ལྷག་ཙམ་དང་མི་གྲངས་ ༢༠༠ ལྷག་ཙམ་ཡོད་པ་རྣམས་ཕན་ཚུན་མཐུན་ལམ་ཡག་པོ་བྱེད་ཐུབ་དགོས་པ་དང་། དེ་བཞིན་གཅིག་ཕན་གཅིག་གྲོགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་དགོས་པ། དེ་འདྲའི་ཐོག་ནས་ཚགས་ཚུད་པོ་དང་ཡག་པོ་ཡོང་ཐུབ་པ་ཡིན་ན། སྤྱི་ཚོགས་ཚང་མས་མིག་དཔེ་ལྟ་ས་འདྲ་པོ་ཆགས་ཀྱི་རེད། མིག་དཔེ་ལྟ་ས་ཞིག་ཆགས་ཐུབ་པ་ཡིན་ན། སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་ཐོགས་ཐུབ་པ་ཆགས་བསྡད་དུས། ཚང་མས་གཅིག་ཕན་གཅིག་གྲོགས་དང་མཐུན་ལམ་ཡག་པོ་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། སྐབས་རེ་ཅུང་ཟད་མ་འགྲིག་པ་བྱུང་བ་ཡིན་ན་འཁོན་འཛིན་འདྲ་པོ་བྱས་ནས་གཅིག་གིས་གཅིག་ལ་དགྲར་འཛིན་ནས་རྣམ་རྟོག་མང་པོ་བསྐྲུན་ཡག་མ་ཡིན་པར། དེ་འདྲའི་གནས་ཚུལ་ལ་བགྲོ་གླེང་དང་། གོ་བསྡུར་བྱས་ནས་ཕན་ཚུན་སེམས་ཐག་ཉེ་པོ་ཞིག་ཡོང་ཐུབ་རྒྱུར་ཐབས་ཤེས་གཏོང་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། དེ་འདྲ་བྱུང་བ་ཡིན་ན་གྲོང་སྡེ་ཚགས་ཚུད་པོ་ཡོང་གི་རེད། དེ་ཚགས་ཚུད་པོ་ཡོང་བ་ཡིན་ན་སྤྱི་ཚོགས་རང་བཞིན་གྱིས་ཚགས་ཚུད་པོ་ཡོང་གི་རེད། སྤྱི་ཚོགས་ཚགས་ཚུད་པོ་ཡོང་བ་ཡིན་ན། ང་རང་ཚོའི་སྤྱི་ཚོགས་དེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པ། མིག་དཔེ་འོས་པ་ཞིག་ཆགས་ཀྱི་རེད། དེའི་ཐོག་ནས་ང་རང་ཚོས་ཐུན་མོང་མ་ཡིན་པའི་རིག་གཞུང་བརྒྱུད་འཛིན་བྱེད་ཐུབ་པ་མ་ཟད། རྒྱ་ཆེ་ས་ནས་བོད་ཀྱི་འཐབ་རྩོད་དང་། རང་དབང་སླར་གསོའི་ཐོག་ལ་དམིགས་བསལ་གྱི་ནུས་པ་འདོན་ཐུབ་པ་ཞིག་ཡོང་གི་རེད། ཕན་ཚུན་མཐུན་ལམ་བྱེད་རྒྱུ་གལ་ཆེན་པོ་ཡིན་དུས། ཕྱོགས་གཅིག་ནས་བོད་པ་ནང་ཁུལ་མཐུན་ལམ་དང་། ཕྱོགས་གཞན་ཞིག་ནས་གནས་ཡུལ་རྒྱ་གར་ཡུལ་མི་དང་མཐུན་ལམ་ཡག་པོ་གནང་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་ཚོ་ཚང་མས་དགོངས་པའི་ནང་བཞག་རོགས་གནང་ཞེས་ཞུ་རྒྱུ་ཡིན།

ལི་ལི་གྲོང་སྡེའི་ཚོགས་གཙོ་ཐེངས་གཉིས་ཙམ་རྡ་སར་ཕེབས་ནས་མཛད་སྒོའི་ཐོག་ཡོང་རོགས་ཞེས་ལབ་སོང་། ཁ་སང་གྲོས་ཚོགས་ཚོགས་དུས་དྲུག་པ་ཚར་ཙམ་རེད། ཡིན་ནའང་བོད་ནས་གསར་དུ་ཕེབས་མཁན་ཚོར་བོད་མིའི་སྒྲིག་འཛུགས་ནས་གྲོང་སྡེ་གསར་པ་བཙུགས་ཡོད་པ་དང་། རྗེས་འབྱོར་བོད་མིའི་གཞིས་ཆགས་དང་པོ་འདྲ་པོ་ཆགས་ཀྱི་ཡོད་རེད། ཉེ་ཆར་ང་མོན་གྷོ་དང་། སྦེལ་ཀོབ་ལ་བཅར་བ་ཡིན། སྦེལ་ཀོབ་ལ་གསར་དུ་འཛུགས་རྒྱུའི་ཁང་པ་གང་ལ་གང་ཙམ་བརྒྱབ་ཚར་འདུག མོན་གྷོ་ལ་སྒྲིག་འཛུགས་ཀྱི་ཐོག་ནས་ས་ཆ་གནང་འདུག་པ་དང་། ཡིན་ནའང་ཁང་པ་བརྒྱབ་རྒྱུའི་རོགས་དངུལ་མི་འདང་བའི་དཀའ་ངལ་བདེ་སྡུག་ཞུ་ཡི་འདུག འདི་ནས་ཚད་དང་ལྡན་པ་ཞིག་དང་། མིག་དཔེ་ལྟ་ས་ཞིག་བྱུང་ཡོད་པ་གསལ་པོ་རེད། དེ་ལ་བལྟས་ནས་གཞན་ལ་ཕན་ཐོགས་ཐུབ་པའི་རང་བཞིན་སླེབས་ཡོང་དུས། མ་འོངས་པར་བཟོ་རིག་པའི་སྒྱུ་རྩལ་དེ་ཚོ་བརྒྱུད་འཛིན་གནང་ཐུབ་ན། དེ་ལས་ཀྱང་མིག་དཔེ་ལྟ་ས་ཤུགས་ཆེ་བ་ཞིག་ཡོང་གི་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་འབྲེལ་ཡོད་ཚང་མས་སེམས་ཤུགས་མ་ཆགས་པའི་ཐོག་ནས་མུ་མཐུད་མདུན་བསྐྱོད་བྱེད་ཐུབ་པའི་དགོངས་པ་བཞེས་རོགས་ཞེས་གསུངས་གནང་།

ཕྱོགས་མཚུངས་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་དང་། མཆོག་སྤྲུལ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པན་ཀཇ་ཇེམ་ཝལ་མཆོག་བཅས་ནས་ཀྱང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། སྦིར་ལི་ལི་བོད་མིའི་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཤེས་རབ་ལགས་ནས་ཚོགས་ཁང་གསར་བསྐྲུན་དང་འབྲེལ་བའི་ལས་བསྡོམས་ངོ་སྤྲོད་གནང་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨར་ལས་འཆར་འགོད་པ་བློ་བཟང་ཚེ་རིང་ལགས་ལ་ཐུགས་རྗེ་ལེགས་འབུལ་གཟེངས་རྟགས་ཕུལ་གནང་བ་དང་། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལི་ལི་བོད་མིའི་ཚོགས་པའི་རྒྱུན་ལས་ཐུན་མོང་ལ་ཚོགས་ཁང་ལས་གཞི་ཚགས་ཚུད་ལེགས་གྲུབ་བྱུང་བ་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་རེ་གནང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པན་ཀཇ་ཇེམ་ཝལ་མཆོག་གིས་ལི་ལི་བོད་མིའི་ཚོགས་པའི་རྩིས་པ་ངག་དབང་ལེགས་གྲུབ་ལགས་དང་། ཨར་ལས་འགོད་འདོམས་པ་ངག་དབང་རྒྱལ་མཚན་ལགས་རྣམ་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་རེ་གནང་སོང་། དེ་བཞིན་ལི་ལི་བོད་མིའི་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཤེས་རབ་ལགས་ཀྱིས་སྐུ་མགྲོན་གཙོ་བོས་གཙོས་པའི་དམིགས་བསལ་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་རེ་ཕུལ་གནང་། དེ་ནས་སྦིར་ལི་ལི་ཚོགས་པའི་རྒྱུན་ལས་སླེ་ཚང་ཚེ་བཀྲ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་ཚོགས་ཁང་དབུ་འབྱེད་ཀྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་། དེ་རྗེས་སྐུ་མགྲོན་རྣམ་པར་བོད་ཀྱི་བཟོ་རིག་པའི་སྒྱུ་རྩལ་དང་འབྲེལ་བའི་འགྲེམས་སྟོན་ཞིག་ལ་གཟིགས་བསྐོར་སྣེ་འཁྲིད་གནང་ཡོད་པ་དང་། ཉིན་རྒྱབ་སྐུ་མགྲོན་རྣམ་པར་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་དང་རྐང་བྲོ་གླུ་གཞས་གཟིགས་འབུལ་གནང་བ་བཅས། །