དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༨ པའི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༥ ཉིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ཉིན་གསུམ་རིང་གི་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༨ པའི་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན།

དེ་རིང་འདིར་ལ་དྭགས་བསོད་ནམས་གླིང་གཞིས་སྒར་དུ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གཙོ་སྐྱོང་འོག་བོད་མི་མཉམ་འབྲེལ་ཁག་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༨ པའི་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་བློན་མཆོག་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་འཐུས་པདྨ་བདེ་ལེགས་མཆོག དེ་བཞིན་ས་བགོས་སྤྱི་འཐུས་རྣམ་གཉིས། ལ་སྤྱི་གཙོས་པའི་ལ་དྭགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དམིགས་བསལ་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་རྣམ་པ་དང་། དྲུང་ཆེ་རྣམ་པ་འབྲེལ་ཡོད་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

གོང་དུ་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ལས་ཚབ་ཀྱི་གསུང་བཤད་དང་། དེ་བཞིན་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོའི་གསུང་བཤད་རེད། དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་བློན་མཆོག་གི་གསུང་བཤད་དེ་ཚོའི་ནང་མཉམ་འབྲེལ་སྤྱི་ཡོངས་ཀྱི་བྱུང་རིམ་དང་། ལས་དོན་གནང་ཕྱོགས། མ་འོངས་པའི་ཁ་ཕྱོགས་ཟེར་ནའི་མི་འདུག་ལས་དོན་བྱེད་ཕྱོགས་ཐོག་ལ་བཀའ་སློབ་ཞིབ་ཅིང་ཕྲ་བ་ཕེབས་སོང་། དེ་ཡིན་དུས་རྣམ་པ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངའི་ངོས་ནས་དམིགས་བསལ་ཞེ་པོ་ཞིག་ཞུ་རྒྱུ་ལྷག་མེད་པའི་བཟོ་འདྲ་པོ་མཐོང་གི་འདུག ང་ཚོ་འཚམས་རེ་མཛད་སྒོ་དེ་འདྲ་འཚོགས་ཡོང་དུས་རིགས་གཅིག་གི་དེ་འདྲ་གསུང་གི་འདུག སྐད་ཆ་ཤོད་མཁན་ཐ་མ་དེ་བཞག་ཡོང་དུས་བཤད་རྒྱུ་མང་བ་ཞིག་གོང་གིས་གསུང་མཁན་ཚོས་གསུངས་ཟིན་པ་དང་། ཐ་མ་ཤོད་མཁན་དེ་ལ་བཤད་རྒྱུ་མེད་པ་འདྲ་པོ་ལྷག་གི་འདུག་ཅེས་རྐུ་རྩེད་དང་སྦྲགས་གསུང་གི་འདུག དེ་འདྲ་པོ་ཞིག་ཆགས་སོང་། བྱས་ཙང་དམིགས་བསལ་ཞེ་པོ་ཞིག་ཞུ་རྒྱུ་མི་འདུག མཛད་རིམ་ནང་བལྟས་ཡོང་དུས་སྐད་ཆ་ཤོད་རྒྱུ་སྐར་མ་བཅོ་ལྔ་འདྲ་པོ་ཞིག་གནང་འདུག་པ་དང་། དེ་འདྲ་ཡིན་དུས་སྤྱི་ཡོངས་དང་འབྲེལ་བའི་ཚིག་འགའ་ཤས་ཞིག་ཞུས་ན་བསམ་བྱུང་།

ང་རང་ཚོ་བཙན་བྱོལ་གྱི་སྒྲིག་འཛུགས་དེའི་ཐོག་ནས་ལོ་རྒྱུས་རྒྱབ་ལྗོངས་ལ་བསམ་བློ་བཏང་བ་ཡིན་ན། མཚམས་རེ་སྒྲིག་འཛུགས་དེ་ཧ་ལས་པའི་ཚགས་ཚུད་པོ་དང་། གྲ་རྒྱས་པོ་གང་འདྲ་བྱས་ནས་བྱུང་ཡོད་ན་བསམ་བསམ་གྱི་བསམ་བློ་དེ་འདྲ་ཡོང་གི་འདུག ང་ཚོས་ནང་ཆོས་ཐོག་བསམ་བློ་བཏང་བ་ཡིན་ན། བོད་ནང་ལོགས་ལ་ནང་ཆོས་ཡོངས་གྲགས་ལྟར་ན། དུས་རབས་བརྒྱད་པའི་ནང་དར་བ་རེད། ལོ་གཅིག་སྟོང་དེ་འདྲའི་ནང་ལོགས་ལ་མཚམས་རེ་ཉམས་རྒུད་དེ་འདྲ་བྱུང་ཡོད་པ་དང་། འཚམས་རེ་དར་རྒྱས་དེ་འདྲ་བྱུང་ཡོད་རེད། གང་ལྟར་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་ཐུབ་མཁན་མཁས་གྲུབ་བསམ་གྱི་མ་ཁྱབ་པ་དེ་འདྲ་མང་པོ་བྱུང་ཡོད་རེད།

ང་ཚོ་བཙན་བྱོལ་ལ་ཆ་བཞག་ན། ཕྱི་ལོ་ ༡༩༥༩ ནས་ ༢༠༡༨ བར་བརྩིས་པ་ཡིན་ན་ལོ་དྲུག་ཅུ་ཙམ་གྱི་གནས་སྟངས་ཆགས་ཀྱི་ཡོད་རེད། དེའི་ནང་ནས་དང་པོ་བཙན་བྱོལ་ནང་སླེབས་པའི་དུས་ཚོད་ལ་བལྟས་པ་ཡིན་ན། དངོས་གནས་ཀྱི་བོད་པའི་ཁ་རྒྱུན་ལ་ཡོད་པ་ནང་བཞིན། ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་རེད། ཕྱོགས་གཅིག་ནས་གནས་ཡུལ་ལུང་པའི་འགྲོ་སྟངས་ཤེས་ཀྱི་ཡོད་མ་རེད། ཕྱོགས་གཞན་ཞིག་ནས་སྐད་ཡིག་ཤེས་ཀྱི་ཡོད་མ་རེད། ལམ་སྟོན་དང་མཐུན་འགྱུར་གནང་མཁན་མི་རེ་ངོ་རེ་དེ་འདྲ་ཡོད་མ་རེད། དེ་འདྲའི་གནས་སྟངས་འོག་ནས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། བཀའ་སློབ་ལམ་སྟོན། མཛད་པ་འཕྲིན་ལས་བཅས་ལ་བརྟེན་ནས་བྱུང་བ་ཞིག་དང་། ཕྱོགས་གཞན་ཞིག་ནས་ང་ཚོ་གནས་ཡུལ་རྒྱ་གར་དབུས་དང་ས་གནས་གཞུང་དང་། མང་ཚོགས་བཅས་པའི་མཐུན་འགྱུར་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཏན་ཏན་ཆགས་ཀྱི་ཡོད་རེད། བཙན་བྱོལ་གྱི་ལོ་དྲུག་ཅུའི་ནང་བསམ་བློ་བཏང་ཡོང་དུས། གདན་ས་ཆེ་ཁག་རེད། ཆོས་བརྒྱུད་བྱེ་བྲག་པ་རིས་སུ་མ་ཆད་པ་དེ་ཚོའི་ནང་བཤད་སྒྲུབ་ཀྱི་བསྟན་པ་འཛིན་ཐུབ་མཁན་མཁན་པོ་དང་དགེ་བཤེས། དེང་སང་དགེ་བཤེས་མ་ཡོད་རེད། དེ་འདྲའི་ལོ་ལྔ་བཅུ་དྲུག་ཅུའི་ནང་གནང་བའི་ཕྱག་ལས་དེ་སྤུས་ཚད་ཡག་པོ་དང་། མྱུར་ཚད་མགྱོགས་པོ་དེ་འདྲ་ཞིག་བྱུང་བསྡད་པ་དེ་དངོས་གནས་འཚམས་རེ་ཧང་སང་དགོས་པ་ཞིག་ཆགས་ཀྱི་ཡོད། དེ་ཙམ་མ་རེད།  རྒྱལ་སྤྱིའི་སྤྱི་ཚོགས་ནང་དོ་སྣང་སླེབས་ཐུབ་པ། ནང་ཆོས་ཀྱི་སྒྲ་ཙམ་ཡང་མ་གྲགས་པའི་མང་པོ་ཞིག་ལ་ནང་ཆོས་ལ་དོ་སྣང་སླེབས་ཐུབ་པ་ཆགས་བསྡད་ཡོད་རེད། དེ་གཞི་བཙུགས་ས་དེ་རྒྱ་གར་ནང་རེད། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཆོས་བརྒྱུད་སོ་སོའི་བླ་ཆེན། དེའི་འོག་ནས་ཡར་འཚར་བ་ཞིག་དང་། གྲུབ་འབྲས་བྱུང་བ་ཞིག་ཆགས་ཀྱི་ཡོད་རེད།

བོད་མིའི་སྒྲིག་འཛུགས་ལ་བསམ་བློ་བཏང་བ་ཡིན་ན། མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཡོངས་སུ་ཚང་བའི་ཐོག་ནས་མདུན་བསྐྱོད་བྱེད་ཀྱི་ཡོད་རེད། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་དམིགས་བསལ་མཛད་པ་འཕྲིན་ལས། དེ་བཞིན་ང་ཚོའི་མི་རབས་རྒན་པ་ཡིན་ནའང་འདྲ། ད་ལྟའི་མི་རབས་གཞོན་པ་ཚོས་མདུན་བསྐྱོད་བྱས་ནས་ཡག་པོ་བྱུང་ཡོད་རེད། རྣམ་པ་ཚོ་ལྟ་བུར་མཚོན་པ་ཡིན་ན། སྤྱིར་བཏང་མཉམ་འབྲེལ་ཟེར་བ་དེ་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ཐོག་ནས་གང་ལྟར་དཔལ་འབྱོར་གྱི་ཁེ་ཕན་གསོག་སྒྲུབ་བྱེད་རྒྱུ། དཔལ་འབྱོར་ཁེ་ཕན་གསོག་སྒྲུབ་བྱེད་པའི་ཐོག་ནས་མང་ཚོགས་ལ་ཁ་ཐུག་ཐུགས་ཕན་གསོ་ཐུབ་པ་ཞིག་ཆགས་ཀྱི་ཡོད་རེད། མཉམ་འབྲེལ་ཐོག་མར་ལོ་རབས་བརྒྱད་ཅུ་གྱ་གྲངས་དང་། ད་ལྟའི་གནས་སྟངས་ལ་བལྟས་ཡོང་དུས། དེ་ཚོའི་གྲས་ང་ཚོའི་བྱས་རྗེས་ཆེན་པོ་ཞེ་དྲག་ཡིན་པ་ངས་མཐོང་གི་འདུག དེ་ཚོ་ལམ་སེང་ཡོང་ཐུབ་རྒྱུ་ཁག་པོ་རེད། སྒྲིག་འཛུགས་ཀྱི་འགྲོ་སྟངས་བཟོ་དགོས་ཀྱི་ཡོད་རེད། སྒྲིག་འཛུགས་ཀྱི་འགྲོ་སྟངས་བཟོས་པ་ཙམ་གྱི་འགྲིག་གི་ཡོད་མ་རེད། དེའི་ནང་འགན་འཁུར་མཁན་མི་སྣ་དགོས་ཀྱི་ཡོད་རེད། འགན་འཁུར་མཁན་གྱི་མི་སྣ་དེར་མང་ཚོགས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དང་།  ཚོགས་པ་སྒྲིག་འཛུགས་དེ་གནས་ཐུབ་པའི་དཔལ་འབྱོར་གྱི་རྒྱབ་རྟེན་དགོས་ཀྱི་ཡོད་རེད། དེ་བཞིན་ལས་འགན་སྒྲུབ་ཕྱོགས་ཁོར་ཡུག་སོགས་དགོས་ཀྱི་ཡོད་པ། ད་ལྟ་གང་ལྟར་ང་ཚོས་ཆ་ཚང་བ་ཞིག་གནང་ཐུབ་ཡོད་རེད། དེ་ཞིབ་ཚགས་རུ་གཏོང་རྒྱུ་དང་། ཡར་རྒྱས་གཏོང་རྒྱུ། དེ་ཐོག་མའི་དམིགས་ཡུལ་གཞིར་བཟུང་སྒྲུབ་ཐུབ་རྒྱུའི་འགན་འཁུར་ནས་མདུན་བསྐྱོད་བྱེད་རྒྱུའི་བསམ་བློ་གཏོང་དགོས་པ་མ་གཏོགས་ང་ཚོ་གཞི་ནས་རྨང་གཞི་བརྟིང་རྒྱུའི་བསམ་བློ་དེ་གཏོང་དགོས་ཀྱི་ཡོད་མ་རེད། དེ་ཚོའི་གྲས་ང་ཚོའི་གྲུབ་འབྲས་ཆེན་པོ་ཞིག་རེད་བསམ་གྱི་འདུག དེ་འདས་པའི་མི་རབས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཐོག་ནས་ཡིན་ནའི་རེད། ནང་སྲིད་ལས་ཁུངས་ཐོག་ནས་ལམ་སྟོན་གནང་ཡོད་པ། སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་གི་འགན་འཁུར་མཁན་གོང་མ་རྣམས་དང་ལས་བྱེད་དེ་ཚོའི་བཀའ་དྲིན་རྗེས་སུ་དྲན་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད།

སྤྱི་ཡོངས་ནས་བོད་ཟེར་བ་དེ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པ་གཅིག་དང་། བོད་མིའི་སེམས་དང་བསམ་བློའི་འཁོར་ཕྱོགས་ནང་བྱམས་པ་དང་བརྩེ་བ། སྙིང་རྗེ། དེ་ལས་ལྷག་པའི་གཞན་ཕན་གྱི་བསམ་བློ་ཤུགས་ཆེ་བ་ཡོད་པ་གསལ་པོ་ཞེ་དྲག་རེད་འདུག དེ་འདྲ་ཡིན་དུས་དེ་སྔོན་ང་ལ་དྭགས་སུ་ཚར་གཅིག་བཅར་བ་ཡིན། མང་པོ་བསྡད་རྒྱུ་བྱུང་མ་སོང་། མདང་གོང་འདིར་སླེབས་སོང་། དེ་འདྲ་ཡིན་དུས་སྐད་ཆ་དྲིས་ཡོང་དུས། ལ་དྭགས་ཀྱི་ཟ་ཁང་དེ་ཚོའི་ནང་ཞབས་ཕྱི་ཞུ་མཁན་བོད་པ་གཞག་རྒྱུར་དགའ་བ་བྱེད་ཀྱི་ཡོད་པ་དེ་འདྲ་གོ་བྱུང་། བོད་པ་དེ་ཕྱོགས་གཅིག་ནས་ཉམ་ཆུང་ཡོད་པ། ཕྱོགས་གཞན་ཞིག་ནས་སྤྱི་སེམས་དང་སོ་སོའི་འགན་འཁུར་ཡག་པོ་འཁུར་གྱི་ཡོད་པའི་ཆ་ནས་ཡིན་པ་གསལ་པོ་རེད། ལོ་རྒྱུས་ཀྱི་འབྱུང་རབས་ནང་བལྟས་ཡོང་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་རྒྱ་ཧོར་བོད་གསུམ་ཞེས་འདྲ་མཉམ་ཐོག་གནས་ཡོད་པ་མ་ཟད། བོད་མི་རིགས་དེ་ཆོས་དང་རིག་གཞུང་། སྐད་ཡིག དཔལ་འབྱོར། དམག་དོན་རིག་པ། ཆབ་སྲིད་རིག་པ་གང་གི་ཆ་ནས་ཀྱང་འབུར་དུ་ཐོན་ཐུབ་པ་ཞིག་ཆགས་ཡོད་རེད།

དེ་འདྲ་ཡིན་དུས་ངས་དེ་ཞུ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། ད་ལྟ་རྣམ་པ་ཚོས་ཐུགས་འགན་བཞེས་ཀྱི་ཡོད་རེད། ཐུགས་འགན་བཞེས་པའི་ཐོག་ནས་གང་ལྟར་བྱུང་ན་བོད་ཀྱི་རྩ་དོན་དང་འཐབ་རྩོད་ཐོག་དགོངས་པ་བཞེས་ཐུབ་དགོས་པ་དང་། དེ་ལྟར་མ་བྱུང་ནའང་སོ་སོའི་མཉམ་འབྲེལ་དེའི་ཁྱབ་ཁོངས་མང་ཚོགས་ཀྱི་བདེ་སྡུག་གི་གནས་སྟངས། འཕྲོད་བསྟེན་གྱི་གནས་སྟངས། ཤེས་ཡོན་གྱི་གནས་སྟངས། ཉམ་ཐག་གི་གནས་སྟངས་སོགས་ཀྱི་ཐོག་ལས་འཆར་གསར་པ་གང་སྤེལ་རྒྱུ་འདུག ལས་འཆར་གསར་པ་སྤེལ་བའི་ཐོག་ནས་ལམ་ལྷོངས་ལྡན་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་གཅིག་ཞུས་ན་བསམ་བྱུང་། ཉེ་ཆར་ང་ཀར་ན་ཊ་ཀའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བཅར་ཡོད། དེའི་སྐབས་ཀོ་ལ་གྷལ་མཉམ་འབྲེལ་ཚོགས་གཙོས་ཀོ་ལ་གྷལ་གཞིས་ཆགས་ལ་ཆར་པ་བབས་ཀྱི་མི་འདུག ཆར་པ་བབས་ཀྱི་མེད་དུས་སོ་ནམ་འདེབས་ལས་བྱེད་ཐུབ་ཀྱི་ཡོད་མ་རེད། དེའི་ཆེད་དུ་མཉམ་འབྲེལ་གྱི་འགྲོ་སོང་མང་པོ་ཞིག་བཏང་ཡོད་རེད། དེ་གྱོང་གུད་ཆགས་པ་ཡིན་ན། མཉམ་འབྲེལ་ལ་གྱོང་གུད་ཆགས་ཀྱི་ཡོད་པ་མ་ཟད། མི་མང་ལའང་གྱོང་གུད་ཆགས་ཀྱི་འདུག་དེ་ཡིན་དུས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཆར་པ་འབབ་རྒྱུའི་ཐུགས་སྨོན་གནང་རོགས་ཞེས་ཞུ་རོགས་གསུངས་བྱུང་། སྐབས་དེ་དུས་སྲིད་སྐྱོང་ཡོད་རེད། ང་གཉིས་ཀྱིས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཞུས་པ་ཡིན། ཕྱིས་སུ་ཆར་པ་བབས་སོང་ཟེར་གྱི་འདུག དེ་ངས་ཞུ་དགོས་པའི་རྒྱུ་མཚན་ནི། གང་ལྟར་ལས་གཞི་ཞིག་འགོ་བཙུགས་པ་ཙམ་གྱི་འགྲིག་གི་ཡོད་མ་རེད། ལས་གཞི་དེ་ལམ་དུ་འགྲོ་ཐུབ་རྒྱུར་དུས་རྒྱུན་དུ་ནས་ཐུགས་སྣང་གནང་དགོས་ཀྱི་ཡོད་རེད། དེ་མཉམ་འབྲེལ་དང་འབྲེལ་བ་ཆགས་པའི་ལས་གཞི་ཞིག་ཡིན་ན། དེ་མང་ཚོགས་ཀྱི་ཆེད་དུ་ལས་གཞི་འགོ་བཙུགས་པ་ཡིན་ཟེར་བ་ཙམ་གྱི་འགྲིག་གི་མེད་པར། ལས་གཞི་འགོ་བཙུགས་པའི་རྗེས་མུ་མཐུད་མཇུག་སྐྱོང་དགོས་ཀྱི་ཡོད་རེད། དེ་འདྲའི་ཐོག་ནས་ས་གནས་ཁག་ལ་ལས་གཞི་གང་འགོ་བརྩམ་པ་ཡིན་ནའི་མཇུག་སྐྱོང་དགོས་རྒྱུ་དེ་གལ་ཆེན་པོ་མིན་ན་བསམ་བྱུང་། རྣམ་པ་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་སྐུ་ལས་བསྐྱོན་ནས་སྤྱི་པའི་ལས་དོན་རེད། སྤྱི་མཐུན་མཉམ་འབྲེལ་དང་། ས་གནས་ཁག་གི་མཉམ་འབྲེལ་ཚང་མས་གོ་བསྡུར་སྦྱངས་བཤད་གནང་བ་དེ་ཚོ་ཧ་ཅང་ཡག་པོ་རེད་འདུག དེ་འདྲ་སོང་ཙང་སྤྱི་འཐུས་ལྷན་ཚོགས་དང་ང་རང་སྒེར་ངོས་ནས་དམིགས་བསལ་བསྔགས་བརྗོད་དང་ཐུགས་རྗེ་ཞུ་རྒྱུ་ཡིན།

མཉམ་འབྲེལ་དེ་གང་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཆགས་བསྡད་ཀྱི་ཡོད་པ་དང་། སྒྲིག་འཛུགས་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ལེའུ་བཅུ་གཅིག་དང་། དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་རེད། ལེའུ་བདུན་པ་དེ་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་གསུངས་ཡོད་རེད། བཅའ་ཁྲིམས་ཟིན་བྲིས་ཕབ་ཡོང་དུས། བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་དེ་ཐོག་མར་ཟིན་བྲིས་ནང་ཕེབས་མི་འདུག དེའི་སྐབས་༧སྐྱབས་མགོན་རིན་པོ་ཆེ་མཆོག་འཛིན་སྐྱོང་གི་འགན་འཛིན་དང་རྒྱབ་ཁབ་ཀྱི་དབུ་འཁྲིད་ཆགས་ཀྱི་ཡོད་རེད། དེ་བཞིན་ཐད་ཀར་ཐུགས་སྣང་གནང་གི་ཡོད་པ་དང་། དེ་དུས་༧སྐྱབས་མགོན་རིན་པོ་མཆོག་ལ་བཅའ་ཁྲིམས་ཟིན་བྲིས་སྙན་སེང་ཞུས་ཡོང་དུས། ཁྱེད་རང་ཚོས་རྡ་རམ་ས་ལ་གཅིག་པུ་མང་གཙོ་བཟོ་ཡག་ཡིན་པས། ས་གནས་དེ་ཚོ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ས་གནས་དེ་ཚོ་བཅའ་ཁྲིམས་ནང་སླེབས་དགོས་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དམིགས་བསལ་གྱི་དགོངས་ཚུལ་གནང་ཡོད། དེ་ཚོ་ལོ་རྒྱུས་ནང་ཡོད། དེ་འདྲ་སོང་ཙང་བོད་མིའི་བཅའ་ཁྲིམས་ནང་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་ནང་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། མཉམ་འབྲེལ་དང་། ཆོས་སྡེ་ཁག སློབ་གྲྭ་སོགས་འཁོད་ཡོད་རེད། དེའི་ནང་མཉམ་འབྲེལ་སྐོར་དེ་སོ་ནམ་གཞིས་སྒར་དང་། བཟོ་ལས་གཞིས་སྒར། མཉམ་འབྲེལ་ཞེས་ཟེར་ནས་དོན་ཚན་ནང་གསེས་བདུན་ཡོད་རེད། བཅའ་ཁྲིམས་ནང་མཉམ་འབྲེལ་ལ་དམིགས་བསལ་གྱི་གསལ་པོ་སྟོན་ཡོད་པ་དང་། དོན་ཚན་དགུ་བཅུ་གོ་གསུམ་ལ་ནང་གསེས་དོན་ཚན་གསུམ་ཡོད་རེད། དོན་ཚན་དང་པོ་དེ་བོད་མིིའི་སྤྱི་མཐུན་མཉམ་འབྲེལ་གྱི་བདག་པོ་ནི་མ་སྐལ་ཡོད་པའི་ས་གནས་བོད་མིའི་མཉམ་འབྲེལ་ཁག་དང་། ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་བདག་པོ་ནི་དེའི་མ་སྐལ་བདག་པོ་རྣམས་ཡིན། ཞེས་འཁོད་ཡོད་པ་དང་། དོན་ཚན་གཉིས་པ་ནི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་མཉམ་འབྲེལ་ཁག་གི་གྲུབ་འབྲས་ཁེ་འབབ་ཇི་ཡོད་ནས་སྒྲིག་གསལ་ལྟར་མ་འོངས་འདུ་འགོད་ཀྱི་ཆེད་ཟུར་བཅད་ཕུད། དེ་འཕྲོས་མ་སྐལ་བདག་པོའམ་རང་ཁོངས་མི་མང་རྣམས་ཀྱི་ཁེ་ཕན་ཁོ་ནའི་ཆེད་གཏོང་དགོས། ནང་གསེས་གསུམ་པ་དེ་མཉམ་འབྲེལ་གྱི་མ་སྐལ་བདག་པོ་དང་། ས་གནས་འཐུས་མིའི་ཚོགས་འདུ། ས་གནས་འགོ་འཛིན་བཅས་ལ་མཉམ་འབྲེལ་གྱི་ལས་དོན་དང་། བྱེད་འཆར་སྐོར་གསལ་བསྒྲགས་དང་། གོ་བསྡུར་ཡང་ཡང་བྱེད་དགོས། ཞེས་འཁོད་ཡོད་རེད། དེ་གལ་ཆེན་པོ་ཞེ་དྲག་རེད། དེ་འདྲ་ཡིན་དུས་སྤྱི་མཐུན་མཉམ་འབྲེལ་གྱི་ལས་དོན་གནང་ཕྱོགས་དང་། མི་མང་གི་ཆེད་དུ་ཡིན་པ། དེའི་བདག་དབང་མི་མང་ལ་ཡོད་པ་གསལ་པོ་ཞེ་དྲག་འཁོད་ཡོད་རེད། དེ་འདྲའི་སྒྲིག་འཛུགས་གལ་ཆེན་པོ་ཞིག་ཆགས་ཡོང་དུས་རྣམ་པ་ཚོ་དངོས་གནས་མང་ཚོགས་ཀྱི་ཆེད་དུ་ཡིན་པ་གཅིག་དང་། བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་པ་གཅིག་སོ་སོ་སྤོབས་པ་དང་། རང་བཞིན་གྱི་ནུས་པ་དང་ཆེ་མཐོང་གཅིག་སླེབས་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་རེད། དེ་གཞིར་བཟུང་ས་གནས་མང་ཚོགས་ཀྱི་ཐོག་ལ་དུས་རྒྱུན་དུ་ཐུགས་སྣང་གནང་དགོས་པ་དང་། ཁེ་སང་དང་འགྲོ་སོང་དེ་ཚོ་མ་འོངས་པའི་དཔལ་འབྱོར་འདུ་འགོད་ཀྱི་ཆེད་ཟུར་བཅད་ལས། དེ་འཕྲོས་ལྷག་པ་རྣམས་མང་ཚོགས་རང་ལ་བགོ་བཤའ་བརྒྱབ་དགོས་པ། དུས་ནས་དུས་སུ་ས་གནས་འཐུས་ཚོགས་རེད། ས་གནས་འགོ་འཛིན་རེད། མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་རྣམས་གོ་བསྡུར་བྱེད་དགོས་རྒྱུ་དེ་ཚོ་གསལ་པོ་བྱས་ནས་བཀོད་ཡོད་རེད། གོ་བསྡུར་བྱེད་ཆོག་ཀྱང་མཐའ་མ་དེབ་བསྐྱེལ་སྒྲིག་གཞི་གཞིར་བཟུང་མཉམ་འབྲེལ་ས་གནས་སོ་སོའི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་རེད། དེ་ཚོའི་གྲས་སྤྱི་ཡོངས་ཀྱི་ཐོག་ནས་དགོངས་པ་བཞེས་ཐུབ་ན་ཏན་ཏན་གྱི་བོད་མིའི་མང་གཙོའི་འཕེལ་རིམ་ནང་ལ་བྱས་རྗེས་འཇོག་ཐུབ་པ། དེ་བཞིན་མཉམ་འབྲེལ་གྱི་ལས་དོན་བྱེད་ཕྱོགས་དེ་མང་གཙོའི་ལྟ་གྲུབ་རིག་པ་དང་མཐུན་པ། དེ་འདྲའི་གནས་སྟངས་ཤིག་ཆགས་པ་ཡིན་ན། བོད་སྤྱི་ཡོངས་ཀྱི་རྩ་དོན་འཐབ་རྩོད་ལ་ཐུགས་ཕན་གསོ་བ། བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག་རང་བཞིན་གྱི་སྲ་བརྟན་ཡོང་ཐུབ་པ། དེ་འདྲའི་ཐོག་ནས་རྣམ་པ་ཚོ་འགན་འཁུར་མཁན་ནང་མི་རབས་རྒན་པ་འདུག་ལ། མང་བ་ཞིག་མི་རབས་གཞོན་པ་ཆགས་ཀྱི་འདུག བྱས་ཙང་ང་ཚོས་རྒྱུན་འཁྱོངས་ནས་འགྲོ་དགོས་པ། བྱུང་ན་དུས་ཚོད་ཐུང་ཐུང་ནང་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་རེད། དེ་ལྟར་མ་བྱུང་ནའང་བཙན་བྱོལ་ནང་མུ་མཐུད་ནས་ལོ་བཅུ་ཕྲག་ཁ་ཤས་སྡོད་དགོས་པའི་གནས་སྟངས་ཡོང་སྲིད་ཀྱི་རེད། དུས་ཚོད་དེའི་རིང་ང་ཚོའི་བྱེད་ཕྱོགས་དེ་ཁ་གསལ་པོ་དགོས་པ། ཕུགས་བརྟན་པོ་དགོས་པ། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག གོམས་གཤིས་མཉམ་དུ་མདུན་བསྐྱོད་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད།

མང་གཙོའི་ལྟ་གྲུབ་རིག་པའི་ནང་མང་གཙོའི་འཕེལ་རིམ་ཐོག་ལ་བལྟས་ན། ནུབ་ཕྱོགས་དང་། ཨེ་ཤི་ཡ། ཡུ་རོབ་གླིང་ཕྲན་བཅས་ཀྱི་ནང་མང་གཙོའི་ལག་ལེན་བསྟར་ཕྱོགས་མ་འདྲ་བ་མང་པོ་ཡོད་རེད། དེ་རྒྱུ་མཚན་ག་རེ་བྱས་ནས་བྱུང་གི་ཡོད་རེད་ཟེར་ན། སོ་སོའི་ལུང་པ་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐད་ཡིག་དང་། ཆོས། རིག་གཞུང་། གོམ་གཤིས་སོགས་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ལག་ལེན་བསྟར་ཕྱོགས་མི་འདྲ་བ་དེ་ཡོང་གི་ཡོད་རེད། ཨིན་ཇིའི་སྐད་ནང་ Copy Paste ཟེར་བ་ནང་བཞིན་མིན་པར། མཉམ་འབྲེལ་ནས་ལས་དོན་གང་བརྩམ་པར་ཡིན་རུང་། སོ་སོའི་མི་རིགས་དེའི་ཁྱད་ཆོས་དང་། དེ་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་བརྩམ་ཐུབ་པ་ཡིན་ན། འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ཐུབ་པ་ཡོང་གི་རེད། ངས་དུས་ཚོད་མང་པོ་ཞུ་གི་མིན། འདིར་མཚམས་བཞག་གི་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཏེ་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་ཆེན་ཐེངས་ ༡༨ པ་དེ་ལམ་ལྷོངས་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་རྒྱུར་སྨོན་ལམ་ཞུ་རྒྱུ་ཡིན། བཅས་གསུངས་གནང་ཡོད། །