དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཉེ་ཆར་གསར་འདེམས་བྱུང་བའི་སྲི་ཞུའི་ལས་བྱེད་རྣམས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་ལ་ཟབ་འཁྲིད་གནང་བ།


༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ པའི་ཚེས་ ༡ ཉིན་རྒྱབ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉེ་ཆར་གསར་འདེམས་བྱུང་བའི་སྲི་ཞུའི་ལས་བྱེད་རྣམས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་ལ་ཟབ་འཁྲིད་གནང་ཡོད་པ་རེད།


དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་བཅའ་ཁྲིམས་དང་རྩ་ཁྲིམས་གཉིས་ཀྱི་ཁྱད་པར་དང་། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་གཏན་འབེབས་ཇི་ལྟར་གནང་ཚུལ། བཅའ་ཁྲིམས་ཀྱི་སྔོན་གླེང་དང་། ལེའུ་བཅུ་གཅིག་དང་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་རེ་རེའི་ཐོག་འགྲེལ་བརྗོད་ཞིབ་རྒྱས། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་རྗེས། གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བསྐོ་གཞག་དང་འབྲེལ། སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་འཕར་མ་ཚོགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་པ་གཏན་འབེབས་གནང་བའི་སྐོར། ད་བར་བཅའ་ཁྲིམས་བསྐྱར་བཅོས་ཇི་སོང་སོགས་ཀྱི་ཐོག་ཟབ་འཁྲིད་གནང་བ་དང་། དེ་བཞིན་ཟབ་སྦྱོང་བ་སྲི་ཞུའི་ལས་བྱེད་གསར་པ་རྣམས་ཀྱིས་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

གསར་འདེམས་བྱུང་བའི་སྲི་ཞུའི་ལས་བྱེད་རྣམས་ཀྱི་ཟབ་སྦྱོང་དེ་བཞིན་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡ ནས་ ༡༩ བར་འཚོགས་རྒྱུ་ཡིན་འདུག་པ་བཅས།