
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༧ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་རྩོམ་རིག་སློབ་དཔོན་ཆེན་མོ་དང་སྤྱི་ཟུར་བེ་རི་འཇིགས་མེད་ལགས་ཀྱིས་བརྩམས་གནང་བའི་ “འཇམ་མགོན་ས་པཎ་ལེགས་བཤད་འཕྲུལ་གྱི་དྲ་བའི་འབྲུ་འགྲེལ་མི་ཆོས་རིག་པའི་མེ་ལོང་།” ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་གདན་ཞུས་ལྟར་ཆེད་ཕེབས་གནང་སོང་།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་གོང་དུ་གསུང་བཤད་གནང་མཁན་ཚང་མ་རིག་གནས་དང་དེ་འདྲ་ལ་ཕྱག་ལས་གནང་མཁན་ཆགས་བསྡད་ཡོད་རེད། ཁོང་རྣམ་པས་གསུངས་པ་དེ་ལས་ལྷག་པ་ངས་གསར་པ་གང་ཡང་ཞུ་རྒྱུ་མི་འདུག རྩ་བའི་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་འདྲ་ཞིག་མཚོན་ན་རྩོམ་པ་པོ་གྲགས་ཅན་ཆགས་བསྡད་ཡོད་རེད། ཁོང་ང་གཉིས་ཡུན་རིང་པོ་ནས་ངོ་ཤེས་ཆགས་བསྡད་ཡོད་རེད། གྲོགས་པོ་ཆགས་བསྡད་ཡོད་རེད་ཟེར་ནའང་ཞུ་ཆོག་གི་རེད། ང་དང་པོ་སྐབས་ ༡༤ པའི་སྤྱི་འཐུས་ལ་སླེབས་དུས་ཁོང་ཡང་སྤྱི་འཐུས་རེད་འདུག དེ་དུས་ང་ཚོ་སྤྱི་འཐུས་རྒྱུན་ལས་གཅིག་པ་འཁེལ་བསྡད་ཡོད་རེད། དེ་དུས་མི་རེ་རེ་ལ་ལས་ཁུངས་ཡོད་མ་རེད། ཆབ་སྲིད་སྡེ་ཚན་དུ་ཕལ་ཆེར་མི་ ༥ དེ་དག་མཉམ་དུ་སྡོད་དགོས་ཀྱི་ཡོད་རེད། རྟོག་ཞིབ་སྡེ་ཚན་ནང་མི་ ༣ མཉམ་དུ་སྡོད་དགོས་ཀྱི་ཡོད་རེད། རྒྱུན་འབྲེལ་སྡེ་ཚན་ནང་མི་ ༢ མཉམ་དུ་སྡོད་དགོས་ཀྱི་ཡོད་རེད། དེ་དུས་གློག་ཀླད་གཅིག་མ་གཏོགས་ཡོད་མ་རེད། དྲ་རྒྱ་ཡིན་ནའང་གཅིག་མ་གཏོགས་ཡོད་མ་རེད། སོང་ཙང་ཚང་མར་བེད་སྤྱོད་གཏང་རྒྱུ་ཡོད་མ་རེད། ཞལ་ལག་གི་བར་གསེང་ཆུ་ཚོད་ ༡ ཡོད་རེད་པྰ། དེ་དུས་ལྟ་རྒྱུ་མ་གཏོགས་ཚང་མ་ལ་བེད་སྤྱོད་གཏོང་རྒྱུ་ཡོད་མ་རེད། དེ་འདྲའི་སྐབས་སུ་ང་ཚོ་ཞལ་ལག་གི་བར་གསེང་ཆུ་ཚོད་ ༡ ཡོད་དུས་དེ་དུས་དགེ་བཤེས་ཚེ་རིང་པོ་ལགས་སྤྱི་འཐུས་ཆགས་བསྡད་ཡོད་རེད། ཁོང་བརྒྱུད་ནས་རྫོང་གསར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་དེ་དུས་སྐུ་གཤེགས་ནས་ཁོང་གི་རྗེས་དྲན་གྱི་རྩོམ་ཞིག་བསྡུ་ཡི་འདུག དགེ་བཤེས་ཚེ་རིང་པོ་བརྒྱུད་ནས་ཁོང་ལ་རྩོམ་རོགས་ཞེས་རྩོམ་སྐུལ་ཞིག་སླེབས་འདུག དེ་དུས་ང་ཚོ་ཚང་མ་ཆབ་སྲིད་སྡེ་ཚན་ལ་མཉམ་དུ་ཆགས། དེ་དུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ལ་གློག་ཀླད་ཀྱི་ཅ་ལག་འདུག དགེ་བཤེས་ཚེ་རིང་པོས་ཁོང་ལ་ཞུ་དུས་ཁོང་ནས་དེ་ག་རང་ཆགས་དོགས་མེད་པར་མར་གསུངས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དེ་དག་གློག་ཀླད་ནང་བཅུག ཤོ་ལོ་ཀ་དེ་ཙམ་མ་རེད་པེ་ཟེར་རྒྱུའི་གནས་སྟངས་ཆགས་ཡོད་རེད། འབྲི་མ་ཐུབ་པའི་དཀའ་ངལ་རེད་མ་གཏོགས་དེ་ལ་ཚིག་སྦྱོར་འདྲ་དང་། ཚིག་གོང་རིམ་འདྲ། ཐོ་གཞུང་ཟེར་ནའང་འདྲ། གང་ལྟར་དཔེ་མི་སྲིད་པའི་རྩོམ་རིགས་ཀྱི་རྣམ་དཔྱོད་ཆེན་པོ་ཡོད་རེད། སོང་ཙང་གོང་དུ་ཁོང་རྣམ་པས་གསུངས་པ་གཞིར་བཟུང་རེད། རྒན་གྱིས་ད་ལྟ་བར་དུ་རིག་གནས་དང་ལྷག་པར་དུ་རྩོམ་གྱི་ཐོག་ལ་ཐུགས་སྣང་གནང་བསྡད་པ་དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་ཏན་ཏན་གྱི་ཕན་ཐོགས་ཆེན་པོ་ཆགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
དེ་བཞིན་མི་ཆོས་རིག་པའི་ལེགས་བཤད་འཕྲུལ་གྱི་དྲ་བའི་འབྲུ་འགྲེལ་ལྟ་བུ་ཡིན་ན། དེ་ཧ་ཅང་གི་གང་ལྟར་གོང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་པ་གཞིར་བཟུང་རེད། ང་ཚོའི་སྤྱི་ཚོགས་ལ་དགོས་མཁོ་དང་མཐུན་པ་ཆགས་བསྡད་ཡོད་རེད། སྤྱིར་བཏང་དེང་སང་ང་ཚོའི་སྤྱི་ཚོགས་ནང་རིག་གཞུང་ཡིན་ནའང་འདྲ། ཆབ་སྲིད་ཀྱི་གནས་སྟངས་ཡིན་ནའང་འདྲ། ང་ཚོ་ལ་ཡོད་པ་གང་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག་གྰ། ངོས་འཛིན་རྩ་བ་ནས་བྱེད་ཀྱི་ཡོད་མ་རེད། གཞན་པ་ཞིག་ལ་ལད་ཟློས་བྱ་རྒྱུ་དང་། གཞན་པ་ཞིག་ནས་ལུང་འདྲེན་བྱེད་ཐུབ་རྒྱུའི་ཐབས་ཤེས་གཏང་རྒྱུ་མ་གཏོགས་སོ་སོར་ཡོད་པ་དེ་ཡར་སྟོན་རྒྱུའི་གོམས་གཤིས་དེ་དཔེ་ཉུང་ཉུང་། དེ་རྩལ་སྟོན་ནས་གཅིག་གསུངས་པ་ཡིན་ན་དེར་མི་ཤེས་པ་དང་། དེའི་ཐུགས་བརྒྱུད་མེད་པ་འདྲ་ཞིག་ངོས་འཛིན་བྱ་རྒྱུ་ཆགས་འགྲོ་ཆགས་འགྲོ་བྱེད་ཀྱི་འདུག་གྰ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གཅིག་གསུངས་ཡོད་རེད། ང་ཚོའི་བོད་ནང་ལས་སླ་བའི་དོན་དག་དེ་ཕར་མཁྲེགས་ཏུ་མཁྲེགས་ཏུ་བཏང་བ་ཡིན་ན། དེ་ལ་མཁས་དབང་ངོས་འཛིན་བྱ་རྒྱུ་ཞིག་འདུག དཀའ་བ་དེ་ཚོ་ཚུར་ལས་སླ་རུ་སླ་རུ་བཏང་ན་དེ་མཁས་པ་མིན་པའི་ངོས་འཛིན་བྱ་རྒྱུ་དེ་འདྲ་ཞིག་འདུག་ཟེར་གྱི་ཡོད་རེད། དེ་ནང་བཞིན་ང་ཚོར་ཡོད་པ་དེ་རྩལ་སྟོན་ནས་བཤད་མཁན་དེ་ཚོར་རིན་ཐང་ཆུང་ཆུང་འདྲ་ཞིག གཞན་པ་ཞིག་ནས་ཚུར་བླངས་ནས་ཤོད་མཁན་ཚོར་རིན་ཐང་ཆེན་པོ་རྩིས་སྡོད་མཁན་ཞིག་འདུག་གྰ། དེ་ང་ཚོས་ཏན་ཏན་བསམ་བློ་གཏོང་དགོས་པ་ཞིག་ཆགས་འདུག ང་ཚོ་ལ་ཡོད་པ་གང་ཞིག་ལ་ང་ཚོས་རྩལ་སྟོན་ནས་མི་རིགས་གཞན་ལ་ངོ་སྤྲོད་དང་ཁྱབ་སྤེལ་བྱེད་ཐུབ་རྒྱུའི་གོ་སྐབས་དེ་དག་ལེན་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག དཔེར་ན། དེང་སང་ང་ཚོའི་ཆབ་སྲིད་རིག་པའི་ལག་འཁྱེར་བླངས་ཡོད་རེད་ཟེར་ནས་གལ་ཆེན་པོ་རྩིས་ཀྱི་ཡོད་རེད་པྰ། དངོས་གནས་བྱས་ན་ལུང་གི་བསྟན་ཆོས་དེ་ཚོ་ཚང་མ་ཆབ་སྲིད་རིག་པའི་བསྟན་ཆོས་རང་ཆགས་བསྡད་ཀྱི་འདུག་གྰ། སོང་ཙང་། དེ་ཚོའི་གྲས་ང་ཚོས་སྣང་མེད་མ་བཏང་བའི་སྒོ་ནས། ད་ལྟ་མི་ཆོས་རིག་པ་དེ་ཡིན་ནའང་ཧ་ལས་པ། དངོས་གནས་བྱས་ན་ང་ཚོའི་སློབ་དེབ་ནང་དང་སློབ་གྲྭའི་ཁོར་ཡུག་ནང་དེ་ཤུགས་ཆེན་པོ་བེད་སྤྱོད་གཏོང་ཐུབ་པ་ཡིན་ན། ཡ་རབས་སྤྱོད་བཟང་ཟེར་རྒྱུ་དང་། འབྲེལ་ལམ་ཟེར་རྒྱུ་དང་། བརྩི་བཀུར་གུས་ཞབས། འཆམ་མཐུན་ཟེར་རྒྱུ་ལ་སོགས་པ་རང་བཞིན་གྱིས་སླེབ་ཐུབ་རྒྱུ་ཞིག་ཆགས་འགྲོ་ཡི་འདུག་གྰ། མི་ཆོས་རིག་པའི་ནང་དོན་འདྲ་གཙོ་བོ་དེ་རེད་འདུག་གྰ། དེ་འདྲ་ཡིན་དུས་ང་ཚོའི་སྤྱི་ཚོགས་ཀྱི་ཐོག་ནས་དེའི་ཐོག་ལ་ཏོག་ཙམ་ཤུགས་རྒྱག་དགོས་པ། དེ་རིང་རྒན་གྱི་རྩོམ་དེབ་དེ་དང་འབྲེལ་ནས་མ་འོངས་པ་ཡིན་ནའང་ཤེས་རིག་ལས་ཁུངས་རེད། འབྲེལ་ཡོད་ཁག་ནས་དགེ་བཤེས་བེ་རི་འཇིགས་མེད་ལྟ་བུ་ཞིག་སློབ་གྲྭ་ཁག་ནང་གདན་འདྲེན་ཞུས་ནས་མི་ཆོས་རིག་པའི་སྐོར་གོ་རྟོགས་སྤེལ་རྒྱུ་དེ་འདྲ་བྱུང་བ་ཡིན་ན་ཏན་ཏན་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག དེ་ང་ཚོའི་སྤྱི་ཚོགས་ཀྱི་དགོས་མཁོ་ཆགས་བསྡད་ཡོད་རེད་པྰ། གང་ཡིན་ཟེར་ན། དེར་གཞོན་སྐྱེས་མང་པོ་ཞིག་འདུ་འཛོམས་བྱེད་ཐུབ་ཀྱི་ཡོད་རེད། གཞན་ང་ཚོའི་གཞོན་སྐྱེས་འདུ་འཛོམས་བྱེད་མ་ཐུབ་སར་གསུང་བསྡད་པ་ཡིན་ན། སྒྲ་དེ་ཐོས་ལོ་དང་གོ་ལོ་ཙམ་བཞག་པ་མ་གཏོགས་ལག་ལེན་བསྟར་རྒྱུར་ག་ཚོད་ཙམ་བསྟར་ཐུབ་ཀྱི་ཡོད་མེད་ཧ་གོ་རྒྱུ་མི་འདུག་གྰ། བྱས་ཙང་གཞོན་སྐྱེས་ནང་ཤུགས་ཆེ་ཙམ་ཁྱབ་སྤེལ་བྱེད་ཐུབ་པ་ཡིན་ན་ཏན་ཏན་མི་རབས་རྗེས་མ་དང་ད་ལྟའི་མི་རབས་ལའང་ཤུགས་རྐྱེན་ཡོང་ཐུབ་རྒྱུར་ཐུགས་ཕན་གསོ་ཡི་མིན་ནམ་སྙམ་ནས་དེ་འདྲ་ཞིག་ཞུ་འདོད་བྱུང་།

ད་ལྟ་གོང་དུ་གསུངས་པ་ནང་བཞིན་རེད། དེའི་ཐོག་ལ་མདང་དགོང་རང་དེའི་ཐོག་ལ་གསུངས་སོང་། འདིར་ཡོང་དགོས་ཀྱི་འདུག སྐད་ཆ་འགའ་ཤས་ཤོད་དགོས་ཀྱི་འདུག་གསུངས་སོང་། དེའི་ཐོག་ལ་དམིགས་བསལ་གྲ་སྒྲིག་ཞེ་བོ་ཞུ་རྒྱུ་དེ་འདྲ་གང་ཡང་བྱུང་མ་སོང་། ལྷག་པར་དུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ལྟ་བུ་ཡིན་ན་ཡོངས་གྲགས་རེད། གངས་ཅན་འཇམ་དབྱངས་རྣམ་གསུམ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་། ཀློང་ཆེན་རབ་འབྱམས། དེ་བཞིན་རྗེ་བདག་ཉིད་ཆེན་པོ་ཁོང་རྣམ་གསུམ་ལ་ང་ཚོས་གངས་ཅན་འཇམ་དབྱངས་རྣམ་གསུམ་ཞེས་ཡོངས་གྲགས་རེད། རྗེས་སུ་ང་ཚོས་གངས་ཅན་འཇམ་དབྱངས་རྣམ་གསུམ་ཞེས་ཐ་སྙད་དེ་འདྲ་མང་པོ་བེད་སྤྱོད་གཏོང་སྡོད་ཀྱི་འདུག་གྰ། དེ་ཚོའི་གྲས་གཟབ་གཟབ་དགོས་རེད། ཁོང་རྣམ་པ་གསུམ་ཕུལ་དུ་བྱུང་བ་ཆགས་བསྡད་ཡོད་རེད། དེ་བཞིན་ས་སྐྱ་པཎྜི་ཏ་ལྟ་བུ་ཡིན་ན་ཕལ་ཆེར་ཐ་སྙད་རིག་པའི་ནང་བོད་གངས་ཅན་ལྗོངས་ནང་མཁས་པ་ཁོང་ལྟ་བུ་བྱུང་ཡོད་མ་རེད་ཟེར་ནའང་ལབ་ཐུབ་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་རེད། བོད་ནང་བལྟས་པ་ཡིན་ན་ཚད་མའི་རིག་པའི་གཏེར་དེ་ས་པཎ་རང་གིས་བརྩམས་གནང་བ་ཆགས་ཡོད་རེད། བོད་ནང་ཚད་མའི་བསྟན་བཅོས་རྩོམ་མཁན་ཁོང་ཐོག་མ་ལྟ་བུ་ཆགས་བསྡད་ཡོད་རེད། རྒྱ་གར་ཡིན་ན་ཆོས་ཀྱི་གྲགས་པ་དང་ཕྱོགས་ཀྱི་གླང་པོ་དེ་འདྲ་བྱུང་ཡོད་རེད། བོད་ནང་ཚད་མའི་གཞུང་བརྩམས་ནས་དེའི་ཐོག་ནས་རིགས་ལམ་གྱི་རྣམ་གཞག་བཙུགས་ཐུབ་པ་དེ་ས་སྐྱ་པཎྜི་ཏ་རང་ཆགས་བསྡད་ཡོད་རེད། དེ་བཞིན་ས་སྐྱ་ལེགས་བཤད་ཅེས་ཡོངས་གྲགས་ཆགས་བསྡད་པ་དེ་རེད། ད་ལྟ་འདིར་ལེགས་བཤད་འཕྲུལ་གྱི་མེ་ལོང་ཟེར་བ་དེའི་ནང་ནས་འགྲེལ་བ་གནང་བ་ཞིག་ཆགས་ཀྱི་འདུག་གྰ། དེར་གཙོ་བོ་མི་ཆོས་རིག་པའི་ཐོག་ནས་གསུངས་པ་ཞིག ད་ལྟ་དུས་ཚོད་ལ་ང་ཚོར་དགོས་མཁོ་ཞེ་བོ་ཞིག་གི་གནས་སྟངས་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་དེ་རིང་སྐད་ཆ་ཞུ་རྒྱུ་དེ་སྤྲོ་བ་འདྲ་ཞིག་བྱུང་། གང་ཡིན་ཟེར་ན། ཏོག་ཙམ་གོ་བརྡ་སྤྲོད་ཐུབ་པ་ཡིན་ན་སྤྱི་ཚོགས་ནང་ང་ཚོར་དེ་འདྲ་ཞིག་འདུག་གྰ་ཞེས་མིང་ཙམ་ཞིག་གོ་ཐུབ་པ་ཡིན་ནའང་ཏན་ཏན་དོ་སྣང་འདྲ་ཞིག་ཡོང་རྒྱུར་རེ་བ་འདྲ་ཞིག་མེད་ན་བསམ་པའི་སྤྲོ་བ་ཞིག་ཀྱང་སླེབས་སོང་། དེ་ངས་གལ་ཆེན་པོ་ཞིག་མཐོང་གི་ཡོད། འདིར་མི་ཆོས་རང་གི་ཐོག་ནས་བཤད་ཡོང་དུས། སྤྱིར་བཏང་གི་བཤད་སྟངས་མང་པོ་འདུག་གྰ། ཡིན་ནའང་མདོར་བསྡུས་ཙམ་ཞུས་པ་ཡིན་ན། མིའི་ནུས་པ་དང་ཤེས་རབ་དེ་གཙོ་བོ་འཛིན་དགོས་རྒྱུ། དེ་མ་གཏོགས་པའི་འཇིག་རྟེན་བྱེད་པ་པོའི་ལྷ་ཟེར་རྒྱུ་དང་། དེ་ཚོར་ཡིད་ཆེས་གཙོ་བོ་མི་བྱེད་པ། སོ་སོ་མི་རང་གི་སེམས་དང་དེའི་ནུས་པ། ཤེས་རབ་དེ་ཚོའི་ཐོག་ནས་སོ་སོའི་དགོས་མཁོ་སྒྲུབ་རྒྱུ་ཞིག་ཡོད་རེད་པྰ། དེ་གཙོ་བོ་རྩིས་དགོས་པ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག་གྰ། ང་ཚོའི་ཆོས་ནང་བཤད་ཡོང་དུས་འགྲོ་བ་རིགས་དྲུག་གསུང་གི་ཡོད་རེད་པྰ། རིགས་དྲུག་ནང་ནས་རྟེན་ཡག་ཤོས་དེ་མིའི་ལུས་རྟེན་དེ་རྩིས་ཀྱི་ཡོད་རེད་པྰ། བདག་ལྟ་རིགས་ཀྱི་མིར་སྐྱེས་ནས། །ཕན་དང་གནོད་པའང་ངོ་ཤེས་ནས། ། གང་ཡིན་ཟེར་ན་ང་མིའི་སྐྱེ་བ་དེ་བླངས་རེད། བླངས་ཚར་བའི་མཇུག་ལ་དེས་ཕན་གྱི་འདུག་གམ། དེས་གནོད་ཀྱི་འདུག བླང་དོར་བྱ་རྒྱུ། བླང་ཟེར་ན་ཚུར་ལེན་རྒྱུ། དོར་ཟེར་ན་ཕར་སྤང་རྒྱུ། དེར་མིའི་རྣམ་དཔྱོད་དེ་ཡག་ཤོས་ཆགས་ཀྱི་ཡོད་རེད། གཞན་ལྷ་ཟེར་རྒྱུ་དང་འཇིག་རྟེན་བྱེད་པོ་ཟེར་རྒྱུ་དེ་དག་ལ་ཡིད་ཆེས་གཙོ་བོ་མ་བྱེད་པར་སོ་སོའི་རྣམ་དཔྱོད་དང་རིག་པ་དེ་གཙོ་རྩིས་དགོས་རེད། དེ་གལ་ཆེན་པོ་གཅིག་རྩིས་ཀྱི་འདུག་གྰ།

དེ་བཞིན་དོན་ཚན་གཉིས་པ་དེ། ཆོས་ཁས་ལེན་མཁན་ཡིན་ནའང་འདྲ། ཆོས་ཁས་མི་ལེན་མཁན་ཡིན་ནའང་འདྲ། ཆོས་ཁས་ལེན་མཁན་ལྟ་བུ་ཡིན་ན་ཐར་པ་ཟེར་རྒྱུ་དང་ཞིང་ཁམས་ཟེར་རྒྱུ་དང་། ཚེ་སྔ་ཕྱི་ཁས་ལེན་མཁན་ཡིན་ན་ཚེ་ཕྱི་མ་དེ་ཚོ་གཙོ་བོ་འཛིན་རྒྱུ་ཞིག་ཡོང་གི་ཡོད་རེད་པྰ། དེ་ཚོའི་ཐོག་ལ་སོ་སོ་ནས་བློས་གཏོང་བྱ་རྒྱུ་དེ་འདྲ། ཡིན་ནའང་། དེ་གལ་ཆེན་པོ་ཡིན་པ་གང་ཞིག་ལ་ཚེ་འདིའི་ཐོག་ནས་ཞིང་ཁམས་ཚེ་འདི་ལ་བཟོ་དགོས་ཀྱི་ཡོད་རེད། ཐར་པ་འདིར་བཟོ་དགོས་ཀྱི་ཡོད་རེད། ཆོས་ཕྱོགས་ནས་ངོ་མ་བཤད་ཡོང་དུས་ཐར་པ་ཟེར་བ་དེ་ཡིན་གཅིག་མིན་གཉིས་གྲངས་སྡོད་དགོས་རྒྱུ་ཡོད་མ་རེད་པྰ། ཞིང་ཁམས་ཟེར་བ་དེ་ཡིན་གཅིག་མིན་གཉིས་རི་རྒྱལ་དགོས་པ་གང་ཡང་མི་འདུག་གྰ། ཐར་པ་ཟེར་བ་དེ་སོ་སོའི་ངོས་ནས་ཉོན་མོངས་བའི་རྟོག་པ་དེ་ལས་གྲོལ་སོང་ན་ཐར་པ་ཆགས་ཀྱི་ཡོད་རེད། སོ་སོའི་ཚོར་བ་དེ་དགྲ་གཉེན་དབྱེ་བ་མེད་པར་སོང་བ་ཡིན་ན། དེ་ཞིང་ཁམས་ཆགས་འགྲོ་ཡི་ཡོད་རེད་པྰ། གཙོ་བོ་དེ་སོ་སོའི་ལུས་རྟེན་འདིའི་ཐོག་ནས་བྱེད་ཐུབ་རྒྱུ་ཞིག་ཡོད་རེད་པྰ། ཚེ་ཕྱི་མ། ཐར་པ། ཞིང་ཁམས་ཟེར་བ་དེ་ཚོ་ཚེ་འདི་ལས་ད་དུང་བདེ་སྐྱིད་ཆེ་བ་ཞིག་ངོས་འཛིན་བྱ་རྒྱུ་དེ་ཏག་ཏག་བསྡད་ཀྱི་མི་འདུག་གྰ། ཚེ་འདི་ནས་སོ་སོས་ཡ་རབས་སྤྱོད་བཟང་བྱ་རྒྱུ། སློབ་སྦྱོང་བྱ་རྒྱུ། སྤྱི་ཚོགས་གཞན་ལ་ཕན་ཐོགས་རྒྱུ་བྱེད་ཐུབ་པ་ཡིན་ན་ཞིང་ཁམས་ངོ་མ་དེ་རེད། སོ་སོའི་ཚེ་འདི་ནས་ཞིང་ཁམས་ལྟ་ཐུབ་ཀྱི་འདུག་གྰ། དེའང་ང་ཚོའི་སྤྱོད་འཇུག་ནང་གསུངས་ཡོད་རེད། ག་རེ་གསུངས་ཡོད་རེད་ཅེ་ན། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པ་ཐུབ་པས་གསུངས། ། ང་ཚོས་དམྱལ་བའི་ཚ་གྲང་གི་སྡུག་བསྔལ་དེ་ཚོ་བཤད་ཀྱི་ཡོད་རེད་པྰ། དེ་ཚོའི་གྲས་སུས་བཟོས་པ་རེད། ག་རེ་ལས་བྱུང་བ་རེད། དེའི་རྒྱུ་དེ་ག་བར་ཐུག་གི་ཡོད་རེད་ཟེར་ན་སོ་སོའི་སེམས་དེར་ཐུག་གི་ཡོད་རེད། སྡིག་སེམས། སོ་སོའི་མི་དགེ་བའི་ཀུན་སློང་དང་བྱ་སྤྱོད་མི་དགེ་བར་བརྟེན་ནས་སྡུག་བསྔལ་དེ་ཚོ་ཡོང་གི་ཡོད་རེད། ཚེ་འདི་ཡིན་ནའང་སོ་སོས་ཡ་རབས་སྤྱོད་བཟང་བྱེད་མ་ཐུབ། མི་གཞན་ལའང་ཕན་ཐོགས་ཀྱི་ནུས་པ་བྱེད་མི་ཐུབ་པ། སོ་སོས་སློབ་སྦྱོང་བྱེད་མ་ཐུབ་ན་ཚེ་འདི་ནང་སྡུག་བསྔལ་རང་བཞིན་གྱིས་མྱོང་འགྲོ་ཡི་འདུག་གྰ། དེ་འདྲ་ཡིན་དུས་ཚེ་འདིའི་ཐོག་ནས་མི་ཆོས་རིག་པའི་ཐོག་ནས་སོ་སོའི་བདེ་བ་དེ་འཚོལ་ཐུབ་རྒྱུ་དེ་གལ་ཆེན་པོ་ཞེ་བོ་ཆགས་བསྡད་ཡོད་རེད། མི་ཆོས་རིག་པ་ཟེར་ན་ཡིན་གཅིག་མིན་གཉིས་ང་ཚོས་ཆོས་ཤིག་ཁས་ལེན་པའི་རྗེས་སུ་ཚེ་འདི་ལས་ལྷག་པའི་སྐྱེ་བ་འདི་ལས་ལྷག་པའི་ཐར་པ་དང་ཞིང་ཁམས་དང་དེ་འདྲ་ངོས་འཛིན་བྱས། དེ་ལས་ལྷག་པའི་བདེ་བ་སྒྲུབ་རྒྱུ་ཞིག་ཡོད་རེད་པྰ། ཚེ་འདི་ནས་ང་ཚོས་སྒྲུབ་ཐུབ་དགོས་རྒྱུ་ཞིག་མི་ཆོས་རིག་པའི་ཐོག་ནས་སྒྲུབ་ཐུབ་ན་རང་བཞིན་གྱི་སོ་སོ་ལའང་བདེ་སྐྱིད་དང་། འཆམ་མཐུན་ཡོང་ཐུབ་རྒྱུ་རང་བཞིན་ཆགས་བསྡད་ཀྱི་ཡོད་རེད།

དོན་ཚན་གསུམ་པ་དེ། དེ་ཚོ་སྒྲུབ་རྒྱུར་དཔེར་ན། ཁང་པ་འདྲ་ཡིན་ན། ནང་དུ་ཡར་འཛུལ་རྒྱུར་ཡང་ན་སྒོ་འཕྱེ་དགོས་ཀྱི་ཡོད་རེད། སྒོ་ལ་ལྡེ་མིག་བརྒྱབ་ཡོད་ན་ལྡེ་མིག་འཕྱེ་ནས་ནང་དུ་ཡར་འཛུལ་དགོས་ཀྱི་ཡོད་རེད། ཁང་པ་ཡག་པོ་གང་ཞིག་ལ་སྒོ་བརྒྱབ་ཡོད་ན་ནང་དུ་འཛུལ་ཐུབ་ཀྱི་མ་རེད་པྰ། སོང་ཙང་དེའི་རྐྱེན་དང་རྒྱུ་མཚན་འདྲ་གཙོ་བོ་ག་རེ་རེད་འདུག་ཟེར་དུས། གཙོ་བོ་སོ་སོའི་ནང་དུ་ཟེར་ནའང་མི་འདུག སོ་སོར་ཡོད་པའི་བློ་སྐྱེས་ཀྱི་བྱམས་པ་དང་བརྩེ་བ་འདིའི་ཐོག་ནས་མི་ཆོས་རིག་པ་ཟེར་ནའང་མི་འདུག མི་ཆོས་ཀྱི་བྱ་བ་སྒྲུབ་ཐུབ་དགོས་རྒྱུ་བཤད་ཀྱི་འདུག་གྰ། དེང་སང་གི་བཤད་སྟངས་བྱས་པ་ཡིན་ན་མི་གཅིག་འགྱུར་གྱི་འདུ་ཤེས། དེ་གལ་ཆེན་པོ་ཞེ་བོ་ཞིག་ཆགས་ཀྱི་འདུག་གྰ། མི་གཅིག་འགྱུར་གྱི་འདུ་ཤེས་དེ་ཡོད་པ་ཡིན་ན་གཅིག་གིས་གཅིག་ལ་རང་བཞིན་གྱི་བརྩི་བཀུར་བྱེད་ཐུབ་ཀྱི་ཡོད་རེད། གོང་དུ་རྣམ་པ་ཚོས་མང་པོ་གསུངས་སོང་བྰ། མི་ལ་དབྱེ་བ་འབྱེད་པ་ཡིན་ན་དབྱེ་བ་འབྱེད་པས་སྟོབས་ཀྱི་ཐོག་ནས་བརྩི་བཀུར་བྱེད་མ་ཐུབ་པ་དེ་ཐུགས་ལ་སླེབ་ཡོང་གི་འདུག་གྰ། བརྩི་བཀུར་མ་བྱེད་པ་དེ་སླེབ་ཡོང་དུས་དེ་ལས་འགལ་ཟླ་ཆེ་རུ་ཆེ་རུ་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས་གཅིག་གིས་གཅིག་ལ་བརྩི་བཀུར་བྱེད་དགོས་རྒྱུ། དེས་སྟོབས་ཀྱི་སྒོ་ནས་བྱུང་འགྱུར་ག་རེ་ཡོད་རེད་ཟེར་ན། སོ་སོར་བྱམས་པ་དང་བརྩེ་བ་རང་བཞིན་གྱིས་ཡོད་པ་དེ་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་རེད། བྱམས་བརྩེའི་སྒོ་ནས་བརྩི་བཀུར་ཟེར་རྒྱུ་དང་མི་གཅིག་འགྱུར་གྱི་འདུ་ཤེས་ཟེར་བ་དེ་ཚོ་རང་བཞིན་གྱི་ཡར་སླེབ་ཐུབ་རྒྱུ་དེ་ཡོང་དགོས་ཀྱི་རེད། སོ་སོར་ཡོད་པའི་ལྷུན་སྐྱེད་ཀྱི་བྱམས་བརྩེའི་ཐོག་ནས་ཡོང་དགོས་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེ་ནས་བཀའ་སློབ་ཕེབས་བསྡད་ཀྱི་ཡོད་རེད། འགྲོ་བ་རིགས་དྲུག་ནང་ནས་མི་ཡིན་ཕྱིན་ཆད་ཕ་མའི་བྱམས་བརྩེར་བརྟེན་ནས་ཡར་འཚར་ལོངས་བྱུང་ཡོད་དུས་ཕ་མའི་བྱམས་བརྩེ་དེ་སོ་སོའི་ངོས་ནས་ཡར་དྲན། ཤེས། དེ་གཞིར་བཞག་བྱས་ནས་མི་གཞན་ལའང་དེ་འདྲའི་བྱམས་བརྩེའི་བརྩི་བཀུར་དང་བརྩེ་བ་ཐོབ་ཐུབ་པ་ཡིན་ན། རང་བཞིན་ལྷན་སྐྱེད་ཀྱི་བྱམས་བརྩེའི་ཐོག་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས། བརྩི་བཀུར་ཟེར་རྒྱུ་དང་། སྙིང་རྗེ་དང་བྱམས་བརྩེའི་ཐོག་ནས་སོ་སོའི་ཁྱིམ་ཚང་ཡིན་ནའང་འདྲ། སྤྱི་ཚོགས་ཡིན་ནའང་འདྲ། རྒྱལ་ཁབ་ཡིན་ནའང་འདྲ། འཛམ་གླིང་ཡིན་ནའང་འདྲ། དེའི་ཐོག་ནས་འཆམ་མཐུན་དང་ཞི་བདེ་ཟེར་བ་དེ་ཡོང་ཐུབ་རྒྱུ་ཞིག་ཆགས་བསྡད་ཀྱི་འདུག་གྰ། ད་ལྟ་ངས་གོང་དུ་ཞུས་པ་མང་པ་དེ་ནུབ་ཕྱོགས་ཀྱི་རིག་པ་ཟེར་ནའང་མི་འདུག གང་ལྟར་ཐུན་མོང་གི་མི་ཆོས་རིག་པའི་གཞུང་ལུགས་ཀྱི་བཤད་སྟངས་ཤིག་རེད། སྤྱོད་འཇུག་ནང་བཤད་དུས་ཕར་བསམ་བློ་གཏོང་ཡོང་དུས་བདག་གཞན་མཉམ་པའི་བསམ་བློ་དེ་སླེབ་ཡོང་གི་འདུག་གྰ། བདག་ལས་གཞན་གཅེས་ཟེར་བ་དེ་ཤུགས་ཆེན་པོ་ཞེ་བོ་རེད་དེ་བདག་གཞན་མཉམ་པ་འདྲ་ཞིག་སླེབ་ཡོང་གི་འདུག་གྰ། སྤྱོད་འཇུག་ནང་ག་རེ་གསུངས་ཡོད་རེད་ཟེར་ན། བདག་གིས་གཞན་གྱི་སྡུག་བསྔལ་བསལ། སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན། བདག་གི་གཞན་ལ་ཕན་པར་བྱ། སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན། སོ་སོར་སྡུག་བསྔལ་སླེབ་ཡོང་དུས་དེ་སེལ་རྒྱུའི་ཐབས་ཤེས་གཏོང་དགོས་ཀྱི་རེད་པྰ། མི་གཞན་གྱི་སྡུག་བསྔལ་དེ་སོ་སོའི་སྡུག་བསྔལ་ནང་བཞིན་གྱི་བསམ་བློ་དེ་འཁུར་ཐུབ་དགོས་ཀྱི་འདུག་གྰ། གང་ཡིན་ཟེར་ན། སྡུག་བསྔལ་ཡིན་པའི་ཕྱིར། རྒྱུ་མཚན་དེ་གོ་ཡི་ཡོད་རེད། དེ་བཞིན་བདག་གིས་གཞན་ལ་ཕན་པར་བྱ་དགོས་པ་དེ་སེམས་ཅན་ཡིན་པའི་ཕྱིར། དཔེར་ན། བདག་གི་ལུས་བཞིན་ཟེར་གྱི་ཡོད་རེད། བདག་གི་ལུས་པོ་དེ་ཚ་བ་ཚིག་ཡོང་དུས་རླུང་འཁོར་ནང་བསྡད་རྒྱུ། གྲང་གློག་གཏོང་རྒྱུ་དེ་བྱེད་ཀྱི་རེད་པྰ། གྲང་མོ་ཆགས་ཡོང་དུས་ཚ་གློག་གཏོང་རྒྱུ། སོ་སོས་སོ་སོར་ཚ་གྲང་སྐྱོབ་ཐུབ་རྒྱུར་ཉེ་འཁོར་ལ་ག་རེ་ཡོད་པ་ཡིན་ནའང་དེར་བརྟེན་ནས་གང་ལྟར་བདེ་བ་འཚོལ་རྒྱུར་ཐབས་ཤེས་བྱེད་ཀྱི་ཡོད་རེད་པྰ། དེ་ནང་བཞིན་མི་གཞན་ལའང་དེ་འདྲའི་བདེ་བ་འཚོལ་རྒྱུའི་ཐབས་ཤེས་བྱེད་ཐུབ་པ་ཡིན་ན་དེ་འདྲའི་ཐོག་ནས་བྱམས་བརྩེའི་བློ་སླེབ་རྒྱུ། མི་གཅིག་འགྱུར་གྱི་འདུ་ཤེས་སླེབ་རྒྱུ་དེ་ལས་སླ་བོའི་ཐོག་ནས་ཡོང་ཐུབ་རྒྱུ་དེ་རྒྱུ་མཚན་གྱི་ཐོག་ནས་གསུང་གི་ཡོད་རེད། དེ་ངས་གལ་ཆེན་པོ་ཞེ་བོ་ཞིག་མཐོང་སོང་། གང་ལྟར་ང་ཚོའི་མི་ཆོས་རིག་པ་ཟེར་ནའང་མི་འདུག ལུགས་ཀྱི་བསྟན་བཅོས་ཟེར་ནའང་མི་འདུག དེ་ཚོར་གཞི་བཞག་ནས་ང་ཚོས་གོ་རྟོགས་སྤེལ་ཐུབ་དགོས་རྒྱུ་དང་། གོ་བ་ལེན་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དེ་རིང་མཛད་སྒོ་འདིར་ཕེབས་མཁན་རྣམ་པ་རེད། དངོས་སུ་དེབ་རྩོམ་པ་པོའི་ཐོག་ནས་གསུང་བཤད་གནང་གི་ཡོད་རེད། དེའི་ཐོག་ནས་ང་ཚོར་དམིགས་བསལ་གྱི་བློ་སྐྱེད་རག་རྒྱུའི་རེ་བ་ཡོད་རེད། སོང་ཙང་དེ་ཚོར་དོ་སྣང་གནང་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་ནས་དཔེ་དེབ་དབུ་འབྱེད་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས་དཔེ་དེབ་དང་རྩོམ་པ་པོ་དང་འབྲེལ་བའི་གསུང་བཤད་གནང་སོང་། གཞན་ཡང་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། ཞིབ་འཇུག་པ། ལས་བྱེད། དེ་བཞིན་སློབ་ཕྲུག་ཁག་ཅིག་སོགས་གནད་ཡོད་མང་པོ་ཞིག་ཀྱང་ཕེབས་འདུག་པ་བཅས།

