དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སྡེ་དགེ་རིག་གཞུང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༨ ཧྲིལ་པོར་འཁོར་བའི་དུས་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༤ པའི་ཚེས་ ༨ ཉིན་སྦིར་སྡེ་དགེ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་སྡེ་དགེ་རིག་གཞུང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༨ ཧྲིལ་པོར་འཁོར་བའི་དུས་སྟོན་མཛད་སྒོ་ཞིག་ཚོགས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། གཞན་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག སྡེ་དགེ་བྱ་རྒོད་སྲས་འཆི་མེད་རྡོ་རྗེ་མཆོག སྲས་འཇམ་དབྱངས་རྒྱལ་མཚན་མཆོག སྦིར་ཁུལ་གྱི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ས་གནས་མང་ཚོགས་བཅས་ཕེབས་འདུག

སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་སྦིར་རིག་གཞུང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། ད་གིན་གོང་དུ་ཁོང་རྣམ་པས་རིག་གཞུང་ཚོགས་པ་འདི་དང་འབྲེལ་བའི་ཐོག་གསུང་བཤད་གནང་གྲུབ་སོང་། ང་ཚོ་འབྲེལ་བ་ཡོད་པའི་ཆ་ནས། གཙོ་བོ་ཁམས་སྡེ་དགེ་དང་། སྡེ་དགེ་རིག་གཞུང་དང་འབྲེལ་བ་ཡོད་པའི་ཐོག་ནས་ངས་ཚིག་ཁ་ཤས་ཤིག་ཞུས་ན་བསམ་སོང་། རྩ་བའི་ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་ལ་བལྟས་པ་ཡིན་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། བོད་གངས་ཅན་ལྗོངས་དེ་དང་པོ་མཚོའི་གནས་འདྲ་པོ་ཆགས། རིམ་པས་མཚོ་བྲི་ནས་མིའི་འགྲོ་བ་བྱུང་བའི་ལོ་རྒྱུས་བཤད་ཀྱི་ཡོད་རེད། འགྲོ་བ་མིའི་རིགས་བྱུང་བ་དང་མཉམ་དུ། མིའི་འཚོ་སྡོད་བྱ་རྒྱུའི་དགོས་མཁོའི་རིག་གཞུང་མང་པོ་ཞིག་དར་ཁྱབ་བྱུང་ཡོད་པ་རེད། དེ་ཡང་བོད་ཀྱི་རིག་གཞུང་དར་ཁྱབ་འགྲོ་སྟངས་ལ་བལྟས་པ་ཡིན་ན། བོད་ནང་ནས་དངོས་རྫས་རྙིང་པ་ས་འོག་ནས་རྙེད་སོན་བྱུང་བ་རྣམས་ལ་བལྟས་དུས། ལོ་ཁྲི་མ་ཟིན་ཙམ་གོང་ནས་བོད་ནང་འགྲོ་བ་མིའི་རིགས་བྱུང་བའི་སྐོར་ཤོད་ཀྱི་ཡོད། དེང་སང་རྒྱ་དཀར་ནག་གཉིས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཁྱབ་བྱུང་ནས་ལོ་ལྔ་སྟོང་ལྷག་འགྲོ་གི་ཡོད་པའི་ལོ་རྒྱུས་ཤོད་ཀྱི་ཡོད་པ་རེད། ང་ཚོ་བོད་ནང་ལོ་ཁྲི་ཡས་མས་ནས་འགྲོ་བ་མི་བྱུང་བ་དང་། མིའི་དགོས་མཁོ་དང་ལྡན་པའི་རིག་གཞུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་རྒྱལ་སྤྱིའི་ནང་བོད་ཀྱི་རིག་གནས་ལོ་རྒྱུས་ཡུན་རིང་པོ་ཡོད་པ་ཞིག་ལ་ད་ལྟའང་ངོས་འཛིན་བྱེད་ཀྱི་ཡོད་མ་རེད། ཡིན་ནའང་། རྡོ་ཆས་རྙིང་པ་སོགས་ཀྱི་ལོ་རྒྱུས་ཀྱི་རྒྱུ་ཆར་གཞིགས་ན། ང་ཚོའི་ལོ་རྒྱུས་དེ་ཡུན་རིང་པོ་ཞིག་ནས་དར་ཁྱབ་བྱུང་བ་ཙམ་མ་ཟད། དེ་ལྟར་དངོས་ཡོད་གྲུབ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད།

སྤྱིར་བོད་ནང་འགྲོ་བ་མིའི་རིགས་བྱུང་བའི་རྗེས་ལ་རིག་གནས་དར་ཁྱབ་བྱུང་བ་དང་། དེ་ནས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་ནང་ཆོས་དབུ་བརྙེས་པ། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ནང་ཆོས་སྲོལ་གཏོད་པ། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ། མཁན་སློབ་ཆོས་གསུམ་ཞལ་འཛོམས་རྗེས་བོད་གངས་ཅན་ལྗོངས་ལ་ནང་ཆོས་དར་ཁྱབ་བྱུང་བསྡད་པའི་གནས་སྟངས་ཆགས་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་ནས་བཀའ་སློབ་ཕེབས་བསྡད་པ་ཞིག་ལ། བོད་ཀྱི་རིག་གཞུང་ནང་ལོགས་ལ་ནང་ཆོས་ཀྱི་ཤན་ཤུགས་ཆེན་པོ་ཡོད་པ་མཚོན་ཐུབ་པའི་གནས་བབ་ཆགས་ཡོད། བོད་ལ་ཐོག་མར་བོན་པོའི་ཆོས་ལུགས་དང་། དེ་ནས་ནང་པའི་ཆོས་ལུགས་དར་ཡོད་པའི་ཐོག་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། གཞས་སྣ་འཁྲབ་སྟོན་སོགས་ལ་ནང་ཆོས་ཀྱི་ཤན་ཤུགས་ཆེན་པོ་ཡོད་པ། དཔེར་ན། བོད་ནང་ལོགས་ལ་རྒྱལ་དབང་ལྔ་པའི་སྐབས་སུ་ཁ་ཆེ་དེ་འདྲ་སླེབས་ཡོད་རེད། ཁ་ཆེའི་ཚོང་པ་དེ་འདྲ་ཡོད་རེད་པཱ། དུས་རྒྱུན་དུ་ཁོང་ཚོའི་བྱེད་སྒོ་གནང་ཕྱོགས་ནང་ལ་ནང་པའི་ཤན་ཞུགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རྩ་བའི་ང་ཚོའི་རིག་གཞུང་ནི་ནང་ཆོས་དང་འབྲེལ་ནས་དར་ཁྱབ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ན་འགྲིག་གི་ཡོད་རེད་བསམ་གྱི་འདུག ད་ལྟ་གོང་དུ་ཁམས་སྡེ་དགེའི་རིག་གཞུང་ཚོགས་པའི་དྲན་དེབ་ཅིག་འགྲེམས་སྤེལ་གནང་བ་དེའི་ནང་བླ་ཆེན་མང་པོ་ཞིག་གིས་ཆེད་བརྗོད་མཛད་འདུག དེེ་ཚོར་བལྟས་པ་ཡིན་ན། ང་ཚོས་དེའི་སྐོར་ཤེས་རྟོགས་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། བོད་ལ་ཐོག་མར་འགྲོ་བ་མིའི་རིགས་བྱུང་བ་དང་། དེ་ནས་བོད་བཙན་པོའི་དུས་རབས། བོད་སིལ་བུར་འཐོར་བ། སྲིད་དབང་ལ་འགྱུར་བ་ཐེབས་ཏེ། ས་སྐྱ་དང་། ཕག་གྲུ། སྡེ་པ་གཙང་པ། རིན་སྤུངས་པ། དགའ་ལྡན་ཕོ་བྲང་བར་དེ་འདྲའི་རིག་གཞུང་དར་ཁྱབ་བྱུང་བའི་གནས་སྟངས་ཆགས་བསྡད་ཡོད་རེད།

ཁམས་སྡེ་དགེ་རྒྱལ་པོ་དུས་རབས་བཅོ་ལྔ་པའི་ནང་བྱུང་བའི་གནས་སྟངས་ཤིག་ཆགས་བསྡད་འདུག་ཅིང་། གོང་དུ་གསུངས་པ་ལྟར། ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་གནས་སྟངས་ཤིག་ཀྱང་རེད་འདུག དེ་བཞིན་མདོ་སྟོད་སྨད་ཀྱི་རིག་གཞུང་གི་འབྱུང་ཁུངས་འདྲ་པོར་ངོས་འཛིན་བྱེད་ནའང་ཕལ་ཆེར་མ་འགྲིག་པ་མེད་པའི་བཟོ་འདྲ་པོ། ཆོས་ཕྱོགས་དང་། ན་བཟའ་ཆས་གོས་གྱོན་སྟངས་སོགས་ལ་བལྟས་པ་ཡིན་ན། སྡེ་དགེའི་ཕྱོགས་ནས་དཔེ་བླངས་པ་འདྲ་པོ་ཞིག་འདུག སྤྱིར་བཏང་ཁམས་ཕྱོགས་ལ་རྒྱལ་པོ་མང་པོ་བྱུང་ཡོད་རེད་ལ། སོ་སོའི་རིག་གཞུང་དང་གོམས་སྲོལ་ལའང་མ་འདྲ་བ་མང་པོ་ཡོད་རེད། ཡིན་ནའང་དེ་ཚོའི་ནང་ནས་སྡེ་དགེ་རྒྱལ་པོ་དེ་ཤུགས་ཆེ་བ་འདྲ་པོ། ཚང་མས་མིག་དཔེ་བལྟ་ས་འདྲ་པོ་བྱུང་འདུག སྐབས་དེ་དུས་བོད་གཞུང་དགའ་ལྡན་ཕོ་བྲང་དང་། མདོ་སྨད་ཕྱོགས་ཀྱི་རྒྱལ་པོ་སྙན་གྲགས་ཅན་མང་པོས་འབྲེལ་བ་གནང་བསྡད་ས་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་འདུག དེ་བཞིན་ཆོས་རྒྱལ་བསྟན་པ་ཚེ་རིང་སྐབས་སུ་སྡེ་དགེ་པར་ཁང་གསར་འཛུགས་གནང་བ་སོགས་བོད་ཀྱི་སྤྱི་ཡོངས་ཀྱི་ཆོས་ཀྱི་འབྱུང་ཁུངས་འདྲ་པོ་ཞིག་ཀྱང་ཆགས་བསྡད་ཀྱི་འདུག སྡེ་དགེའི་ངག་རྒྱུན་ནང་ལོགས་ལ། ས་སྡེ་དགེ། གནམ་སྡེ་དགེ། ཞེས་སྡེ་དགེ་ཁྱབ་ཆེན་པོ་ཡིན་པའི་སྐོར་བཤད་སྲོལ་ཡོད་པ་རེད། ས་སྡེ་དགེ། གནམ་སྡེ་དགེ། ཞེས་པ་དེ་དོན་དངོས་ཡིན་མིན་ཤེས་རྟོགས་ཐུབ་པ་ཞིག་ཡོད་རེད། དེང་སང་བལྟས་པ་ཡིན་ན། ས་ཚང་མ་བདག་པོ་རྒྱག་གི་ཡོད་པ་ཙམ་དུ་མ་ཟད། རྒྱ་མཚོ་དང་ནམ་མཁའ་ཚང་མར་སོ་སོ་སོ་སོར་བདག་པོ་རྒྱག་གི་ཡོད་རེད། དེ་ལ་བལྟས་པ་ཡིན་ན། ས་ཆ་དེ་ལ་གནས་པའི་མིའི་སྙིང་སྟོབས་དང་། རྣམ་དཔྱོད་ཤུགས་ཆེན་པོ་ཡོད་པ་ཞིག་རྟོགས་ཐུབ་པའི་གནས་སྟངས་ཤིག་རེད་འདུག

སྡེ་དགེ་བྲོ་ཆེན་ཞེས་ད་ལྟ་ང་ཚོས་གཟིགས་པ་དེ་རེད། སྡེ་དགེ་བྲོ་ཆེན་སྐོར་ལོ་རྒྱུས་ཐོག་ཤོད་སྟངས་བྱས་པ་ཡིན་ན། སྡེ་དགེ་ས་ཆ་དེ་བཞིན་གླིང་གེ་སར་རྒྱལ་པོའི་གནས་ཡིན་པར་བཤད་སྲོལ་ཡོད་ཅིང་། དེ་ཡང་གླིང་གེ་སར་རྒྱལ་པོ་དུས་རབས་བཅུ་པའི་ནང་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་རེད། སྐབས་དེ་དུས་ནས་བྲོ་གླུ་འཁྲབ་རྒྱུ་དང་། རིག་གཞུང་གི་ན་བཟའ་གྱོན་སྟངས་དེ་ཚོ་གླིང་གི་སྐབས་ལ་བྱུང་བར་ངོས་འཛིན་བྱེད་ཀྱི་འདུག དེ་ལྟར་བྱས་པ་ཡིན་ན། ལོ་ངོ་ ༡༠༠༠ ལྷག་གི་ལོ་རྒྱུས་ཡོད་པ་དང་། བྲོའི་ནང་དོན་ལ་གོ་རྒྱུ་ཆེན་པོ་ཡོད་པ། ན་བཟའ་གྱོན་སྟངས་ཡིན་ནའང་དམིགས་བསལ་ཡིན་པ་ཞིག་རྟོགས་ཐུབ་ཀྱི་འདུག དེ་ཡིན་དུས་སྡེ་དགེ་ཁུལ་ལ་ཆོས་དང་། རིག་གཞུང་ཕྱུག་པོ་ཡོད་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ལ་ངོས་འཛིན་བྱས་ན་ཏག་ཏག་བསྡད་པའི་གནས་སྟངས་ཤིག་ཆགས་འདུག

ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་བའི་རྗེས་ལ་ང་ཚོ་བཙན་བྱོལ་ལ་གྱར་དགོས་བྱུང་ཞིང་། ཐོག་མར་ང་ཚོས་ངོ་ཤེས་པ་གནམ་དང་། ས་མ་གཏོགས་མེད་པ་འདྲ་པོ། རྒྱ་གར་ནང་གི་འགྲོ་སྟངས་ཀྱང་གང་ཡང་ཤེས་ཀྱི་ཡོད་མ་རེད། ཡིན་ནའང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་དང་། རྒྱ་གར་གཞུང་གི་མཐུན་འགྱུར་འོག མི་རབས་རྒན་པ་རྣམས་ཀྱིས་སྐུ་ངལ་བསྐྱོན་པ། སྦིར་འདྲ་པོ་ཡིན་ན། བླ་དཔོན་གཉིས་ཞེས་གསུངས་བསྡད་ཀྱི་ཡོད་རེད། དེ་ཚོའི་བཀའ་དྲིན་མཐུན་འགྱུར་ལ་བརྟེན་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་དང་། བོད་པ་ཟེར་དུས་སོ་སོའི་ཆོས་དང་། རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་མཁན་ཞིག་དང་། འཛམ་གླིང་ནང་དོ་སྣང་བྱ་ཡུལ་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས། གནས་ཡུལ་རྒྱ་གར་གཞུང་གིས་གཙོས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་གཞུང་རྣམས་དང་། མི་རབས་རྒན་པ་རྣམས་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་སྦིར་སྡེ་དགེ་རིག་གཞུང་ཚོགས་པ་འདི་ལྟ་བུ་དབུ་བརྙེས་ནས་ལོ་ངོ་ ༥༨ འཁོར་གྱི་ཡོད་པ་དང་། ལོ་ ༥༨ ཟེར་དུས་མི་གཅིག་གི་མི་ཚེར་བསམ་བློ་བཏང་བ་ཡིན་ན། མི་ཚེ་ཕྱེད་ཀ་རྫོགས་ཀྱི་ཡོད་པ་རེད། དེ་ཡིན་དུས། དུས་ཚོད་དེའི་རིང་བྲོ་པ་རྒན་པ་དང་། གཞོན་པ་རྣམ་པ་བཅས་ཚང་མས་ལྷག་བསམ་རྣམ་དག་གིས་རིག་གཞུང་དེ་མུ་མཐུད་རྒྱུན་འཛིན་དར་སྤེལ་གནང་བར་འཚམས་འདྲི་ཞུ་རྒྱུ་དང་། རྣམ་པ་ཚོས་སྐུ་ལས་བསྐྱོན་པར་བརྟེན་ནས་ང་ཚོས་ལོ་ངོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཐུབ་ཡོད་རེད། དེའི་ཤུགས་རྐྱེན་དང་མཛད་རྗེས་ལ་བརྟེན་ནས་མ་འོངས་པར་མིག་དཔེ་བལྟ་ས་ཞིག་ཆགས་བསྡད་ཀྱི་ཡོད་དུས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། མ་འོངས་པར་མུ་མཐུད་རྒྱུན་འཛིན་དར་སྤེལ་ཡོང་ཐུབ་རྒྱུར་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། རྩ་བའི་ལོ་རྒྱུས་ཟེར་དུས། རིགས་གཅིག་ཡིག་ཐོག་དང་། རིགས་གཅིག་ཕྱིའི་དངོས་པོ། ཡང་རིགས་གཅིག་མིའི་སྤྱོད་ལམ་ལ་བརྟེན་ནས་རྟོགས་ཐུབ་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་རེད། དཔེར་ན། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། ཅེས་བོད་མིའི་ན་བཟའ་གྱོན་སྟངས་དང་། སྐད་ཆ་ཤོད་སྟངས་བཅས་ཀྱི་ཐོག་ནས་བོད་པ་ཡིན་པ་ཤེས་རྟོགས་ཐུབ་རྒྱུ། བྲོ་པ་ཚོས་ན་བཟའ་མནབས་པ་དེ། དེ་རིང་རིག་གཞུང་འཁྲབ་སྟོན་སྐབས་ལ་མནབས་པ་རེད། བོད་ནང་ལོགས་ལ་ཡིན་ན། དུས་རྒྱུན་དུ་ནས་དེ་ལྟར་ན་བཟའ་མནབས་ནས་སྡོད་མཁན་ཡོད་རེད། དེའི་ཐོག་ནས་མི་རིགས་ཁག་ཁག་ཡིན་པ། རིག་གཞུང་ཁག་ཁག་ཡིན་པ། རྒྱ་གར་ནང་ང་ཚོས་དུས་ཆེན་མཛད་སྒོའི་སྐབས་མ་གཏོགས་ན་བཟའ་མནབ་ཀྱི་ཡོད་མ་རེད་དེ། དེའི་ཐོག་ནས་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་བཅས་པ་མི་རིགས་གཞན་དང་མི་འདྲ་བ་ཡིན་པའི་ངོ་སྤྲོད་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་དུས། རྣམ་པ་ཚོས་རིག་གཞུང་འཁྲབ་སྟོན་དེ་ལ་སྣང་ཆུང་རྩ་བ་ནས་གཏོང་རྒྱུ་མེད་པ་དང་། དེའི་ཐོག་ནས་མི་རིགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་མང་པོ་ཞིག་རྟོགས་ཐུབ་ཀྱི་ཡོད་དུས་གལ་ཆེན་པོ་ཞིག་ལ་བརྩིས་ནས་ཉར་ཚགས་བྱེད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག

སྤྱི་ཡོངས་ནས་རིག་གཞུང་ཟེར་དུས། རིག་གནས་ཆེ་བ་ལྔ་དང་། རིག་གནས་ཆུང་བ་ལྔ་ཞེས་བཅུ་ཕྲག་རིག་པའི་གནས་ལྟ་བུ་ཡིན་ན་མང་བ་ཐོས་བསམ་ལ་བརྟེན་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། རྣམ་པ་ཚོས་ཐུགས་སྣང་གནང་ས་དེ་ཡང་རིག་པའི་གནས་གཅིག་སྟེ། ཟློས་གར་དང་འབྲེལ་བ་ཡོད་བསམ་བསམ་གྱི་གོ་བ་ལེན་པ་ཡིན་ན། སོ་སོར་སྙིང་སྟོབས་དང་། སེམས་ཤུགས་འཕར་རྒྱུར་ཕན་གྱི་རེད། ཚང་མས་དེ་ཚོར་སྣང་ཆུང་རྩ་བ་ནས་གཏོང་རྒྱུ་མིན་འདུག བོད་པའི་རིག་གཞུང་ཕྱུག་པོ་ཡིན་ལ། རིག་གཞུང་ཐོག་གོ་རྒྱུ་ཡོད་པ། རྒྱུ་མཚན་ཡོད་པ། བྱུང་བ་ཡིན་ན་ཟློས་གར་ཐོག་ཞིབ་འཇུག་དང་འགྲེལ་བཤད་རྒྱག་ཐུབ་པ། དེ་ལ་དོ་སྣང་བྱེད་ཐུབ་པ་ཡིན་ན་དེའི་གནས་ཚུལ་མང་པོ་ཞིག་ཤེས་ཀྱི་རེད། དེ་མ་བྱུང་བ་ཡིན་ནའང་། དེའི་ཐོག་ནས་སྤྲོ་བ་སླེབས་ཐུབ་པ་ཞིག་ངེས་པར་དུ་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་འདྲའི་སྤྲོ་བ་སླེབས་ཐུབ་པ་ཡིན་ན། ང་ཚོའི་རིག་གཞུང་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་ཡོང་ཐུབ་རྒྱུའི་རྟེན་འདྲ་པོ་ཆགས་ཀྱི་རེད། ཚོགས་པ་འདིའི་ཐོག་ནས་འདས་པའི་ལོ་ངོ་ ༥༨ ནང་བོད་ཀྱི་རིག་གཞུང་མི་ཉམས་པར་གནས་ཐུབ་རྒྱུར་ཏན་ཏན་ཕན་ཐོགས་བྱུང་བསྡད་ཡོད་རེད་ལ། མི་རབས་གསར་པ་རྣམས་ལའང་མིག་དཔེ་བསྟན་ཐུབ་པ། མ་འོངས་པར་ང་ཚོའི་རིག་གཞུང་དེ་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་ཐུབ་རྒྱུའི་སྤོབས་པ་དང་སེམས་ཤུགས་སྐྱེ་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་གཞི་མཐའ་དག་ལྷུན་གྱིས་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། སྡེ་དགེའི་རིག་གཞུང་ཚོགས་པ་དར་རྒྱས་ཡུན་གནས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྡེ་དགེ་རིག་གཞུང་ཚོགས་པའི་བརྙན་དེབ་དབུ་འབྱེད་གནང་བ་དང་། དེ་བཞིན་ས་འཐུས་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་དང་། ས་གནས་འགོ་འཛིན་དཀོན་མཆོག་ལྷ་མོ་ལགས། བྲོ་པ་རྒན་པ་ཨ་འཇའ་ཨ་དཀར་ལགས། ཚེ་རིང་རྡོ་རྗེ་ལགས། ཞི་བཀྲ་ཚང་ཚེ་ལྷ་ལགས། དཔལ་སྐྱིད་དབྱངས་འཛོམས་ལགས། མཁའ་མདོ་ཨ་བསམ་ལགས། སྒྲོལ་མ་ཆོས་མཚོ་ལགས་བཅས་ལ་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་གཟེངས་རྟགས་གནང་བ་དང་། སྡེ་དགེ་བྱ་རྒོད་སྲས་འཆི་མེད་རྡོ་རྗེ་མཆོག་སོགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་བཅས།