དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྡ་སའི་ཉེ་འདབས་སུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པའི་ཐོག་ཚོགས་བཅར་བ་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་མཁན་སློབ་ཕྲུག་གྲངས་ ༥༢ ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། མང་གཙོ་ཟེར་བ་གཙོ་བོ་ཆབ་སྲིད་ལྟ་གྲུབ་རིག་པའམ་ཆབ་སྲིད་ཀྱི་སྤྱི་ཚོགས་སྐྱོང་སྟངས་ཤིག་ལ་ཟེར་གྱི་ཡོད་རེད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་མང་གཙོའི་ལམ་ལུགས་ཐོག་འགྲོ་བཞིན་ཡོད་ཀྱང་། བོད་ཟེར་བ་དེ་མི་རིགས་གཅིག་དང་། རྒྱལ་ཁབ་གཅིག་ཡིན་དུས། དེའི་ལོ་རྒྱུས་ལའང་ཕྱིར་མིག་ལྟ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེ་ཡང་ཆབ་སྲིད་ཀྱི་སྐྱོང་སྟངས་ཐོག་ནས་ལོ་རྒྱུས་དང་འབྲེལ་བ་ཡོད་པ་དེ་འདྲའི་ཐོག་དོ་སྣང་གནང་བ་ཡིན་ན། དེའི་ཐོག་ནས་དམིགས་བསལ་གྱི་བློ་སྐྱེད་རག་རྒྱུ་དེ་འདྲ་ཏན་ཏན་ཡོད་རེད་བསམ་གྱི་འདུག

ཕྱི་ལོ་མ་བྱུང་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ཕྱི་ལོའི་བརྒྱ་ཕྲག་དགུ་པ་བར་རྒྱལ་པོའི་རིང་ལུགས་ཐོག་ནས་བོད་ཀྱི་སྤྱི་ཚོགས་བསྐྱངས་ཡོད་པ་དང་། དེའི་རིང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་མཚོན་པའི་རྒྱལ་པོ་དེ་ཚོ་ཧ་ཅང་གི་རྣམ་དཔྱོད་ལྡན་པ་དང་། འབངས་མི་སེར་ལ་བརྩེ་བ་ཆེན་པོ་ཡོད་པ། སོ་སོའི་རྣམ་དཔྱོད་ཆེན་པོ་ཡོད་པའི་སྟོབས་ཀྱིས་ཐོག་ནས་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་མི་རིགས་ཤིག་ལ་གང་དགོས་པ་རྣམས་བྱུང་ཡོད། དཔེར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཡིག་གསར་བཟོ་མཛད་པ་དང་། དེ་བཞིན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་གར་གྱི་དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་བོད་ནང་གདན་འདྲེན་ཞུས་པ་སོགས་མཛད་པ་དམིགས་བསལ་འབུར་དུ་འདོན་ཐུབ་པ་མང་པོ་གནང་ཡོད་རེད། དེ་འདྲའི་ཐོག་ནས་ཕྱོགས་གཅིག་ནས་མང་ཚོགས་སྐྱོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་དང་མཐུན་པའི་ཆོས་དང་། སྐད་ཡིག རིག་གཞུང་དེ་ཚོ་གསར་གཏོད་གནང་བ། དེ་བཞིན་མཐའ་མཚམས་ལ་དམག་བཙུགས་ནས་རྒྱལ་ཁབ་སྲུང་བ་སོགས་ལོ་རྒྱུས་ནང་བྱུང་ཡོད།

དུས་རབས་ ༩ པའི་རྗེས་བོད་རྒྱལ་འུ་དུམ་བཙན་པོའམ་གླང་དར་མ་སྐུ་བཀྲོངས་པའི་རྗེས། བོད་ཡོངས་ལ་གཅིག་འགྱུར་གྱི་རྒྱལ་པོའི་རིང་ལུགས་མེད་པ་ཆགས་ཏེ་བོད་སིལ་བུར་ཐོར་ནས་ལུང་ཚན་རེ་ལ་རྒྱལ་ཕྲན་ལྟ་བུ་དང་། དཔོན་པོ་རེ་ཟེར་བ་དེ་ཆགས་ཡོད། ཕྱིས་སུ་བོད་དེ་སོག་པོའི་དབང་སྒྱུར་འོག་ཚུད་པ་དང་། དུས་རབས་ ༡༣ པའི་ནང་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་པོའི་རྒྱལ་པོའི་དབུ་བླར་ཕེབས་གནང་བ་དང་། དེའི་ཐོག་ནས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་འགྲོ་མགོན་ཆོས་རྒྱལ་འཕགས་པར་དབང་ཡོན་དུ་ཕུལ་གནང་ཡོད། ཆོལ་ཁ་ཟེར་བ་དེ་སོག་པོའི་ཐ་སྙད་རེད་ཅེས་བཤད་སྲོལ་ཡོད། ཆོལ་ཁ་ཟེར་ན་འབྱུང་ཁུངས་ལྟ་བུ་ཞིག་ལ་གོ དེ་ནས་བཟུང་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་ཆོས་སྲིད་གཉིས་ལ་དབང་སྒྱུར་བྱས་པ་དང་། དེ་ནི་བོད་ནང་བླ་མས་ཆབ་སྲིད་བསྐྱངས་པ་ཐོག་མ་དེ་རེད། དེ་ནས་ཕག་གྲུ་དང་། རིན་སྤུངས་པ། སྡེ་པ་གཙང་པ། དགའ་ལྡན་ཕོ་བྲང་བཅས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་སྒྱུར་གནང་ཡོད། ཕྱི་ལོ་ ༡༦༤༢ ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་གནང་བ་ནས་རྒྱལ་དབང་སྐུ་ཕྲེང་བཅུ་བཞིའི་བར་བོད་གཞུང་དགའ་ལྡན་ཕོ་བྲང་ཆེན་པོས་སྲིད་དབང་བཟུང་ཡོད་པ་དང་། སྟབས་མི་ལེགས་པ་ཞིག་ལ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་དམག་གིས་བོད་ནང་བཙན་འཛུལ་བྱས་ཡོད། ཕྱི་ལོ་ ༡༩༥༠ ནང་༸གོང་ས་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་གནང་། ༡༩༥༡ ལོར་རྒྱ་ནག་གཞུང་གི་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་དགོས་བྱུང་བ་དང་། ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་སོགས་བོད་ཀྱི་ཆབ་སྲིད་ནང་འགྱུར་བ་ཤུགས་ཆེན་པོ་བྱུང་ཡོད།

བོད་མིའི་མང་གཙོའི་འཕེལ་རིམ་ལ་ལོ་ཚིགས་ཐོག་ནས་དབྱེ་བ་ཕྱེ་ནས་ཞུས་ན་དང་པོ་ཕྱི་ལོ་ ༡༩༥༠ ནས་ ༡༩༦༠ བར་དང་། ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར། ༡༩༩༡ ནས་ ༢༠༠༡ བར། ༢༠༠༡ ནས་ ༢༠༡༡ བར་བཅས་ཡིན་པ་དང་། ལོ་ཚིགས་དེ་ཚོའི་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད། ཐོག་མར་ཕྱི་ལོ་ ༡༩༥༠ ནང་མང་གཙོའི་ཐོག་གོམ་པ་ཇི་ལྟར་སྤོས་རེད་ཟེར་ན། ལོ་དེའི་ནང་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་དགོས་བྱུང་བ་དང་། དེའི་སྐབས་སྔོན་མའི་ལུགས་སྲོལ་ནང་སྐུ་དྲག་དང་དམངས་ཀྱི་དབར་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་དང་། ཁྲལ་སྤྲད་དགོས་པ་སོགས་གང་ལྟར་འདྲ་མཉམ་མེད་པའི་གནས་སྟངས་ཤིག་ཡོད། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ལམ་ལུགས་སྐྱོང་སྟངས་དེ་ཏག་ཏག་བསྡད་ཀྱི་མེད་པར་གཟིགས་ནས་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ཚོགས་ཆུང་ཞིག་བཙུགས་ནས་དེ་སྔའི་ཆབ་སྲིད་དབང་འཛིན་པའི་བྱེད་སྟངས་དང་། ས་གནས་ཁག་གི་འཛིན་སྐྱོང་གནས་སྟངས་ཏོག་ཙམ་གཉའ་གནོན་བཤུ་གཞོག་ལྟ་བུ་ཡོད་དུས། དེ་ཚོར་ལེགས་བཅོས་ཇི་ལྟར་བྱེད་དགོས་པ་སོགས་སྔ་མོའི་གཞུང་གི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་དགོངས་པ་བཞེས་གནང་ཡོད་རེད།

ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་པེ་ཅིང་ལ་ཕེབས་ནས་མའོ་ཀྲུ་ཞིས་མཚོན་པའི་རྒྱ་ནག་གི་འགོ་འཁྲིད་མང་ཆེ་བ་དང་མཇལ་འཕྲད་གནང་ཡོད་པ་དང་། ཟླ་བ་ལྔ་དྲུག་ཙམ་རིང་རྒྱ་ནག་ལ་བཞུགས་ནས་དམར་ཤོག་གི་འགྲོ་སྟངས་མཁྱེན་པ་གནང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་གཙོས་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་མང་གཙོའི་འགྲོ་སྟངས་དེ་ཚོར་མཁྱེན་རྟོགས་གནང་ཡོད།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་གནང་རྗེས། བཙན་བྱོལ་བོད་གཞུང་དེ་ཉིད་དེང་གི་མང་གཙོའི་ལམ་ལུགས་ལྟར་བསྐྱོད་དགོས་པའི་དགོངས་པ་བཞེས་གནང་ཡོད། ཐོག་མར་བཞུགས་སྒར་མ་སུ་རིར་མཛད་པ་དང་། དེ་ནས་བཞུགས་སྒར་རྡ་སར་གནས་སྤོས་མཛད་ཡོད། མ་སུ་རིར་བཞུགས་སྒར་མཛད་སྐབས། ཆོས་དོན་ལས་ཁུངས་དང་། ནང་སྲིད་ལས་ཁུངས། ཕྱི་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས་བཅས་ལས་ཁུངས་བཞི་ཙམ་དང་། ལྡི་ལི་དོན་གཅོད་ཁང་བཅས་བཙུགས་གནང་ཡོད། དེའི་སྐབས་༸གོང་ས་མཆོག་དང་། གང་གི་བཀའ་ཤག་ག་པར་ཡོད་པ་དེར་བོད་པའི་མི་མང་ཚོས་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་རེད། ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་འཛོམས་ནས་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་པ་དང་། མནའ་གན་མཐུ་མོ་ཆེའི་ནང་དོན་དེ་གང་རེད་ཟེར་ན། དེ་ནས་བཟུང་༸གོང་ས་མཆོག་གིས་གང་གསུང་པ་བཀའ་གསུང་ཅི་སྒྲུབ་བྱེད་རྒྱུ་དང་། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་བཅས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེའི་ཟླ་བ་ ༩ ཚེས་ ༢ སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་གནང་ཡོད་པ་དང་། དེ་རྗེས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེ་མང་གཙོའི་དུས་ཆེན་སྲུང་རྩི་བྱེད་བཞིན་ཡོད།

ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར་སྤྱི་འཐུས་ཀྱི་གྲུབ་ཆར་འགྱུར་བ་ཕྱིན་ཡོད་པ་དང་། ཐོག་མར་སྤྱི་འཐུས་ཀྱི་ལས་ཡུན་ལོ་གསུམ་དང་། སྤྱི་འཐུས་རྣམ་པ་ལས་ཁུངས་ཁག་ལ་བགོས་ནས་ཕྱག་ལས་གནང་ཀྱི་ཡོད་པ་དང་། ཟླ་རེར་ལྷན་འཛོམས་གནང་གི་ཡོད། དེ་རྗེས་བུད་མེད་སྤྱི་འཐུས་འཕར་སྣོན་དང་། ༸གོང་ས་མཆོག་གིས་ཐད་བསྐོས་གནང་རྒྱུ་སོགས་འགྱུར་བ་ཕྲན་བུ་ཕྲན་བུ་བྱུང་ཡོད། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་གནང་བ་དང་། སྤྱི་འཐུས་སྐབས་ ༡༡ པས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ་དང་། ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ། དེའི་ནང་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་སླེབས་དགོས་པ། ཐད་བསྐོས་སྤྱི་འཐུས་ ༡ ནས་ ༣ བར། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢ རེ་ཁྱོན་སྤྱི་འཐུས་གྲངས་འབོར་ ༤༦ ལ་སྤར་གནང་བ་དང་བཅས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་གནང་མཛད། དེ་དང་མཉམ་དུ་འཛིན་སྐྱོང་ལ་སྟངས་འཛིན་བྱེད་རྒྱུའི་ཕྱག་ལས་གནང་གི་ཡོད།

ཕྱི་ལོ་ ༡༩༩༢ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་བ་དང་། ཐོག་མར་ཁྲིམས་དཔོན་གཅིག་དང་། དེ་ནས་ཁྲིམས་དཔོན་གཞན་གཉིས་བཅས་ཀྱི་གྲུབ་ཆ་ཚང་བ་དང་། ས་གནས་ཁག་ཅིག་ནང་ཁྲིམས་ཞིབ་ཁང་གི་ཡན་ལག་བཙུགས་གནང་ཡོད། བཀའ་ཤག་ལ་མཚོན་ན་ད་ལྟ་བཀའ་ཤག་སྐབས་ ༡༥ ཡིན་པ་དང་། ཐོག་མར་བཀའ་ཤག་སྐབས་ ༡ པོ་ནས་ད་ལྟའི་བར་བཀའ་བློན་བསྐོ་གཞག་གནང་ཕྱོགས་ལ་འགྱུར་བ་མང་པོ་ཕྱིན་ཡོད། ཐོག་མར་བཀའ་བློན་རྣམ་པ་༸གོང་ས་མཆོག་གིས་ཐད་ཀར་བསྐོ་གཞག་གནང་གི་ཡོད་པ་དང། དེའི་རྗེས་༸གོང་ས་མཆོག་གིས་བཀའ་བློན་འོས་མིར་མི་འགྲོ་གྲོས་ཚོགས་སུ་གནང་སྟེ་གྲོས་ཚོགས་ཀྱིས་འོས་བླུགས་ནས་འདེམས་ཀྱི་ཡོད། ཕྱི་ལོ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་རྒྱུའི་སྲོད་གཏོད་པ་དང་། བཀའ་བློན་ཁྲི་པའི་ཕྱག་རོགས་བཀའ་བློན་རྣམ་པ་བདམས་ཐོན་བཀའ་ཁྲིས་གྲོས་ཚོགས་སུ་བསྣམས་ནས་སྤྱི་མོས་བྱུང་ན་ཐད་ཀར་བསྐོ་གཞག་དང་། སྤྱི་མོས་མ་བྱུང་ན་གསང་བའི་འོས་ཤོག་འཕེན་ཏེ་འདེམས་དགོས་ཀྱི་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཡོད།

ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢། ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་གྲངས་འབོར་ཁྱོན་ ༤༥ ཡོད།

སྤྱིར་མང་གཙོའི་བྱུང་རིམ་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལོ་རྒྱུས་ལ་བལྟས་པ་ཡིན་ན། མི་མང་གིས་གསར་བརྗེའི་ངོ་རྒོལ་བྱས་ནས་རྩོད་ལེན་བྱས་པ་ཞིག་ཡིན་པ་དང། རྩོད་ལེན་སྐབས་མི་མང་ཁྲི་སྟོང་མང་པོའི་ཚེ་སྲོག་བློས་བཏང་ནས་མང་གཙོ་ཐོབ་པ་ཞིག་ཡིན་ཡང་། ང་ཚོའི་བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རིམ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་མང་གཙོ་གསོལ་སྩལ་གནང་བ་ཞིག་དང་། ༧གོང་ས་མཆོག་གི་སྣེ་འཁྲིད་གནང་སྟེ་མང་གཙོའི་བྱུང་རིམ་ཚད་དང་ལྡན་པ་ཞིག་ཆགས་ཡོད། མང་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན་བཅས་ཆ་ལག་ཡོངས་སུ་ཚང་བའི་མང་གཙོ་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་གནང་བ་མ་ཟད་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་ལའང་གསུངས་གནང་སོང། དེ་བཞིན་སློབ་ཕྲུག་རྣམས་ཀྱི་དྲི་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །