དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ནང་མཉམ་ཞུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ (Ram Lila Ground) རམ་ལི་ལ་ཐང་ཆེན་དུ་ (Swadesh Jagaran Manch) ཞེས་པའི་ཚོགས་པ་ཡིས་རྒྱ་གར་ནང་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་སོགས་བཀག་སྡོམ་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ནས་ལོ་གཅིག་ཧྲིལ་པོར་འཁོར་བའི་མཇུག་སྡོམ་ཉིན་མོར་མི་མང་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་གནང་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་ལྟར་མཉམ་ཞུགས་གནང་ཡོད།
ལས་འགུལ་དེའི་ཐོག་རྒྱ་གར་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་མཁས་དབང་དང་། ཆབ་སྲིད་པ། ཚོང་པ། དམག་མི་ཟུར་པ་སོགས་དམིགས་བསལ་གསུང་བཤད་གནང་མཁན་གྲགས་ཅན་མི་སྣ་ ༤༦ དང་། ལས་འགུལ་བ་འབུམ་གཅིག་དང་ཁྲི་ལྔ་ཙམ་མཉམ་ཞུགས་གནང་ཡོད། དེ་བཞིན་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ཡིས་གཙོས་པའི་ལྡི་ལིར་གནས་སྡོད་བོད་མི་ཁྱོན་ ༥༠༠ ཙམ་ཡང་ལས་འགུལ་དེེའི་ནང་མཉམ་ཞུགས་གནང་ཡོད་འདུག

ཐོག་མར་ (Swadesh Jagaran Manch) ཚོགས་པའི་ཚོགས་གཙོ་ (Shri.Arun Ojha) ཡིས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་ནང་སྤྱིར་རྒྱ་གར་ནང་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་བྱ་རྒྱུར་ངོ་རྒོལ་བྱས་ནས་ལོ་ངོ་ ༢ ལྷག་འགྲོ་ཡི་ཡོད་ཅེས་དང་། འོན་ཀྱང་ (Swadesh Jagaran Manch) ཚོགས་པས་རྒྱ་གར་ནང་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་བྱ་རྒྱུར་ལས་འགུལ་སྤེལ་ནས་ལོ་གཅིག་ཧྲིལ་པོ་འཁོར་ཡོད་པ་དང་། དེའི་རིང་རྒྱ་གར་མངའ་སྡེ་ཡོངས་རྗོགས་ནང་རྒྱ་ནག་ནས་ཐོན་པའི་དངོས་ཟོག་བེད་སྤྱོད་དང་། ཉོ་ཚོང་སོགས་འཚམས་འཇོག་བྱ་རྒྱུའི་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞི་ཞིག་སྤེལ་བའི་ནང་མི་མང་ཁྱོན་འབུམ་ ༢༥༠ ཡིས་མཚན་རྟགས་བཀོད་ཐུབ་ཡོད་པའི་སྐོར། དེ་བཞིན་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་། ཉོ་ཚོང་སོགས་བཀག་སྡོམ་དང་འབྲེལ་བའི་ཁྲོམ་སྐོར་འཁྲབ་སྟོན་དང་། བགྲོ་གླེང་ཚོགས་འདུ། འགྲེམ་ཡིག་མི་མང་ལ་བཀྲམ་པ་སོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་ཅེས་གསུངས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། བོད་མི་ཚོས་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་། ཉོ་ཚོང་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་ལོ་ངོ་ ༣༠ ལས་མང་བ་ཕྱིན་ཡོད་པ་དང་། ང་ཚོས་ལོ་ངོ་མང་པོའི་རིང་རྒྱ་ནག་གི་དངོས་ཟོག་བཀག་སྡོམ་བྱེད་དགོས་པའི་རེ་འདུན་བཏོན་དགོས་དོན་ནི་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་བྱས་ཙང་མ་ཡིན་པར། རྒྱ་ནག་ནས་ཐོན་པའི་དངོས་ཟོག་རྣམས་རང་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་ན་འཕྲོད་བསྟེན་ལ་ཉེན་ཁ་ཡོད་པ་དང་། དམིགས་བསལ་རྒྱ་ནག་ནས་རིན་གོང་དམའ་པོར་བཙོང་བཞིན་པའི་ཕྲུ་གུའི་རྩེད་ཆས་སོགས་ཀྱིས་ཕྲུ་གུའི་འཕྲོད་བསྟེན་ལ་ཉེན་ཁ་ཤིན་ཏུ་ནས་ཆེན་པོ་ཡོད་པས་ཡིན། ཞེས་དང་། དེ་བཞིན་དངོས་ཟོག་དེ་ཚོ་ཆབ་སྲིད་བཙོན་པར་གླ་མེད་ཐོག་བཟོ་བཅུག་པར་བརྟེན། གོང་ཚད་དམའ་པོའི་ཐོག་རྒྱ་གར་གྱི་ཁྲོམ་རྭའི་ནང་ཚོང་འགྲེམ་བྱེད་བཞིན་ཡོད། དེས་རྒྱ་གར་གྱི་བཟོ་གྲྭ་ཆུང་བ་ཁག་གི་ཡོང་འབབ་ཆགས་པ་མ་ཟད། མ་འོངས་པར་སྒོ་བརྒྱབ་དགོས་པའི་ཉེན་ཁ་ཡོད། ཅེས་དང་། དེ་རིང་ (Swadesh Jagaran Manch) ཚོགས་པས་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་། ཉོ་ཚོང་བཀག་སྡོམ་བྱེད་དགོས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཆེན་པོ་འདི་ལྟ་བུ་ཞིག་སྤེལ་བར་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུས་གནང་ཡོད།


ལས་འགུལ་གྲུབ་མཚམས་ (Swadesh Jagaran Manch) ཚོགས་པའི་རྒྱུན་ལས་གཙོ་བོ་ ༡༥ ཡིས་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ (Smt.Nirmala Sitharaman) མཆོག་དང་། རྒྱ་གར་དབུས་ཀྱི་བློན་ཆེན་ (Shri.Vijay Goel) མཆོག རྒྱ་གར་ (BJP) སྲིད་དོན་ཚོགས་པའི་དྲུང་ཆེ་ (Shri.Arun Singh) མཆོག དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་བཅས་དང་མཇལ་འཕྲད་ཀྱིས་དོན་ཚན་བརྒྱད་ཡོད་པའི་ཞུ་སྐུལ་སྙན་ཐོ་ (Memorandum) ཞིག་རྒྱ་གར་སྲིད་བློན་མཆོག་གི་མཚན་ཐོག་ཕུལ་གནང་ཡོད། སྙན་ཐོའི་དོན་ཚན་ ༧ པ་དེ་བོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བློན་ཆེན་རྣམ་པའི་དྲུང་དུ་ཚོགས་པར་ཡི་རངས་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ནས་རྒྱ་གར་གྱི་བློན་ཆེན་རྣམས་དང་། ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ (Dr.Ashwini Mahajan) ལགས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཕྱག་རྟགས་ཕུལ་གནང་བར་ཁོང་རྣམས་ནས་དགྱེས་བཞེས་གནང་ཡོད་འདུག

དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་བདེ་སྲུང་བློན་ཆེན་ Smt.Nirmala Sitharaman མཆོག་དང་མཇལ་འཕྲད་སྐབས།

དོན་ཚན་ ༧ པའི་ནང་བོད་ཀྱི་བདེན་མཐའ་གསལ་ཆེད་རྒྱ་གར་གཞུང་གིས་སྣེ་ཁྲིད་དེ་བོད་མི་ཚོར་རྒྱབ་སྐྱོར་གྱིས་རྒྱལ་སྤྱིའི་ནང་བོད་ཀྱི་གནད་དོན་ཐོག་གོ་རྟོགས་སྤེལ་དགོས་པ་དང་། བོད་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གཏོར་སྐྱོན་ཚབས་ཆེ་གཏོང་བཞིན་པ་བཀག་སྡོམ་བྱ་རྒྱུར་རྒྱལ་སྤྱིའི་མཐུན་ཚོགས་བཙུགས་ཏེ་རྒྱལ་སྤྱིའི་རྒྱབ་སྐྱོར་བརྒྱུད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ། དེ་བཞིན་རྒྱ་གར་གཞུང་གི་ངོས་ནས་བོད་དོན་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་དགོས་པ་བཅས་འཁོད་འདུག་པའི་གནས་ཚུལ་དུ ། །

དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་དབུས་གཞུང་གི་བློན་ཆེན་ Shri Vijay Goel མཆོག་དང་མཇལ་འཕྲད་སྐབས།
དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་ BJP སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Shri Arun Singh མཆོག་དང་མཇལ་འཕྲད་སྐབས།
དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་(SJM)ཚོགས་པའི་འབྲེལ་མཐུད་པ་ Dr.Ashwini Mahajan མཆོག་དང་མཇལ་འཕྲད་སྐབས།