དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་ནིའུ་ཛི་ལེནྜ་རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ཀི་རི་སི་ ཧིཔ་ཀིན་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༢༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ནིའུ་ཛི་ལེནྜ་ (New Zealand) རྒྱལ་ཁབ་ཀྱི་སྲིད་བློན་སྐུ་ཞབས་ཀི་རི་སི་ ཧིཔ་ཀིན་ (Chris Hipkins) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ནིའུ་ཛི་ལེནྜ་རྒྱལ་ཁབ་ཀྱི་སྲིད་བློན་ལ་གསར་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

ནིའུ་ཛི་ལེནྜ་གཞུང་མང་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་དོན་ཐོག་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་སྐུ་ཉིད་ཀྱི་དབུ་ཁྲིད་པའི་གཞུང་དང་། ནིའུ་ཛི་ལེནྜ་མི་མང་ནས་མུ་མཐུད་གཉིས་སྨན་དབུ་མའི་ལམ་ལ་གཞི་བཅོལ་བའི་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།

སྐུ་ཉིད་ཀྱི་ལས་ཡུན་རིང་མི་མང་གི་མངོན་འདོད་འགྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །