དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཅི་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པར་དགའ་བསུའི་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༩ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཅི་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཝེ་ལ་ཌོ་ མི་རོ་སེ་ཝིག་ (Vlado Mirosevic) མཆོག་ལ་འཚམས་འདྲི་ཞུས་གནང་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ཅི་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་ངོས་རང་དགའ་ཚོར་ཆེན་པོ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

འདི་ལོ་ཕྱི་ཟླ་ ༦ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་སྐུ་ཉིད་ནས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱིས་གསུང་བཤད་གནང་བ་དེ་བཞིན་ང་ཚོར་བཀའ་དྲིན་ཆེན་པོ་ཡིན། སྐུ་ཉིད་ནས་བོད་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་པ་མ་ཟད། ང་ཚོ་མཉམ་རུབ་ཐོག་ཕྱག་ལས་གནང་ཐུབ་རྒྱུའི་རེ་བ་ཡོད།

སྐུ་ཉིད་ནས་ཅི་ལི་རྒྱལ་ཁབ་དང་། མི་མང་གི་མངོན་འདོད་བསྒྲུབ་རྒྱུར་ཕྱག་ལས་གང་ཐུབ་གནང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་པ་དང་། གྲོས་ཚོགས་འོག་མའི་ཚོགས་གཙོའི་མཛད་འགན་བཞེས་རིང་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག་པ་བཅས། །