དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣༠ ཉིན་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་༧ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས། དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་བྱང་ཕྱོགས་ཨུ་ཏཱར་ཁཱན་ཌ་ངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་སུ་བྷ་ཤི་ཀུ་མར་ (Subhash Kumar, (IAS) Retired Chief Secretary, Government of Uttarkhand) མཆོག ཆེ་བསྟོད་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག གཞན་མ་སུ་རིའི་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ཤེས་རིག་དྲུང་ཆེ་སོགས་ཆེད་ཕེབས་གནང་འདུག

མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་སྡེ་ར་ལྡུན་ཁུལ་ལ་གཙོ་བོ་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་དྲན་ཐོག་ལ་བཅར་བ་དང་། དེའི་ཞོར་དུ་བཟང་པོའི་ཞོར་ལ་ཇ་ཆང་ཟེར་བ་ལྟར་མ་སུ་རི་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་མཛད་སྒོའི་ཐོག་བཅར་རྒྱུ་བྱུང་བ་དང་། དེ་བཞིན་དེ་རིང་དགེ་ལས་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་དང་། མཉམ་བཞས་ལ་སོགས་པ་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། རྩ་བའི་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སམ་བྷོ་ཊ་དང་། རྡ་ས་བོད་ཁྱིམ་སློབ་གྲྭ། མ་སུ་རི་བོད་ཁྱིམ་སློབ་གྲྭ་ཞེས་ཡོངས་གྲགས་ཤེས་ཡོན་གྱི་སྡེ་ཚན་གལ་ཆེ་ཤོས་འདྲ་པོ་གསུམ་ཆགས་བསྡད་ཡོད་རེད། ནམ་རྒྱུན་ང་ཚོ་རྡ་སར་སྡོད་དུས། ལོ་ལྟར་རྡ་སའི་བོད་ཁྱིམ་སློབ་གྲྭའི་གནས་སྟངས་དེ་ཚོ་མཇལ་རྒྱུའི་གོ་སྐབས་ཡོང་གི་ཡོད་རེད། ཡིན་ནའང་མ་སུ་རི་བོད་ཁྱིམ་སློབ་གྲྭ་ཆགས་ཡུལ་དེ་ནས་ཐག་རིང་པོ་ཡོད་སྟབས། དུས་ནས་དུས་སུ་བཅར་ཐབས་མེད་པ་ལྟ་བུའི་གནས་སྟངས་ཆགས་བསྡད་ཡོད། དེ་རིང་དངོས་སུ་བཅར་རྒྱུ་བྱུང་སྟེ་རྣམ་པ་ཚོའི་གནས་སྟངས་ཚང་མ་མཇལ་རྒྱུའི་གོ་སྐབས་བྱུང་བར་དཔེ་མི་སྲིད་པའི་དགའ་ཚོར་ཆེན་པོ་བྱུང་། ཐོག་མར་འབྲེལ་ཡོད་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་མ་སུ་རི་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བཞིན་ཡོད་པ་དང་། སྤྱིར་བཏང་ལོ་དྲུག་ཅུ་ཟེར་དུས་དུས་ཚོད་ཐུང་ཐུང་ཞིག་རྩ་བ་ནས་མ་རེད། མི་གཅིག་གི་མི་ཚེར་བསམ་བློ་བཏང་བ་ཡིན་ན། མི་ཚེ་ཕྱེད་ཀ་ལྷག་ཙམ་རྫོགས་འགྲོ་གི་ཡོད། སློབ་གྲྭ་ཐོག་མར་དབུ་བརྙེས་པ་ནས་ད་བར་གྱི་དུས་ཚོད་དེའི་རིང་དགེ་ལས་སློབ་ཕྲུག་མང་པོ་ཞིག་ལ་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་ཡོད་རེད། རིགས་གཅིག་ང་ཚོ་མཉམ་དུ་བཞུགས་བསྡད་ཡོད་པ་དང་། ཡང་རིགས་གཅིག་ཕྱི་མའི་ལམ་དུ་འཕོས་ཟིན་པ་རེད། དེ་ཡིན་དུས་ད་རེས་ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། འདས་པའི་ལོ་ངོ་དྲུག་ཅུའི་ཉམས་མྱོང་ལ་གཞིགས་ནས་མ་འོངས་པར་སྔར་ལྷག་ཡར་རྒྱས་གཏོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།


ང་ཚོ་བོད་ལ་ཆབ་སྲིད་ཀྱི་ཐོག་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་ཅིང་། ཐོག་མར་ང་ཚོ་བཙན་བྱོལ་ལ་ཡོང་བའི་སྐབས་སུ་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་གནས་སྟངས་ལྟ་བུ་ཆགས་བསྡད་ཡོད་ཀྱང་། འདས་པའི་དུས་ཚོད་དེའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། རྒྱ་གར་དབུས་དང་མངའ་སྡེའི་གཞུང་གིས་མཐུན་འགྱུར། མི་ཐོག་རྒན་པ་རྣམ་པས་རྣམ་དཔྱོད་ཆ་ཚང་བ་བཏོན་ནས་ང་རང་ཚོ་བོད་མི་རིགས་ཟེར་བ་དེའི་རིག་གཞུང་རེད། མི་རིགས་ཀྱི་ཁྱད་ཆོས་ཆ་ཚང་ད་ཆ་འཛམ་གླིང་འདིའི་སྟེང་ངོམས་ཐུབ་པའི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་དུས། འདས་པའི་དུས་ཚོད་ནང་བོད་ས་ཤོར་བའི་གནས་སྟངས་སྐྱོ་པོ་ཞིག་བྱུང་ཡོད་ཀྱང་། བརྒྱུད་རིམ་དེའི་ནང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤུགས་ཆེན་པོ་ཞིག་ཐོན་ཡོད་རེད། དེ་ཚོ་ཚང་མར་ང་ཚོས་དགའ་བ་དང་སྤོབས་པ་སྐྱེས་དགོས་པ་ཞིག་ཆགས་བསྡད་ཡོད་རེད་བསམ་གྱི་འདུག ཉེ་ཆར་རྡ་ས་བོད་ཁྱིམ་ཁྱབ་ཁོངས་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཕུལ་ཡོད་རེད། དེའི་སྐབས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན་ལ། ངོས་ནས་བོད་ཀྱི་རིག་གཞུང་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད་རེད་ཅེས་བཀའ་ཕེབས་སོང་། ༧གོང་ས་མཆོག་གིས་ང་ཚོར་བཀའ་སློབ་ལམ་སྟོན་གནང་ཡ་དང་། ང་ཚོས་སྙོབ་མི་ཐུབ་སར་༧གོང་ས་མཆོག་གིས་མཛད་པ་འཕྲིན་ལས་ཀྱིས་བསྙབས་ནས་ང་ཚོར་རོགས་མགོན་ཡོང་གི་ཡོད་པ་དེ་དག་ཀྱང་༧གོང་ས་མཆོག་གི་མཛད་འཕྲིན་ཆགས་བསྡད་ཀྱི་ཡོད་རེད། ཡིན་ནའང་༧གོང་ས་མཆོག་གི་དགོངས་བཞེད་གང་ཡོད་པ་དེ་དག་ལ། ང་ཚོས་སློབ་སྦྱོང་དང་། ཆབ་སྲིད། རིག་གཞུང་། དཔལ་འབྱོར་གང་གི་ཐོག་ནས་ཡིན་ནའང་འདྲ། དེ་ཚོའི་ཐོག་ལ་ང་ཚོས་ཞབས་འདེགས་ཞུས་ནས་༧གོང་ས་མཆོག་གི་དགོངས་པ་ལྟར་འགྲོ་དགོས་པ་ང་ཚོ་ཚང་མའི་ལས་འགན་ཆགས་བསྡད་ཡོད་རེད། དེ་ཚོའི་གྲས་ཚང་མས་མ་འོངས་པར་མུ་མཐུད་ནས་སེམས་ལ་ཉར་དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།


དེ་བཞིན་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཧ་ཅང་གི་ཉག་ཕྲ་བ་ཆགས་བསྡད་ཡོད་པ་དང་། བོད་ནང་གི་བོད་མི་ཚོས་བོད་ཀྱི་ཆབ་སྲིད་དང་། རིག་གཞུང་། སྐད་ཡིག་ལ་སོགས་པར་གཅེས་འཛིན་དང་། དེ་དག་སྲུང་སྐྱོབ་ཆེད་བློས་གཏོང་ཇི་ཙམ་གནང་གི་ཡོད་པ་ཚང་མས་ཤེས་གསལ་རེད། དེ་ཚོར་ང་ཚོས་རྗེས་སུ་ཡི་རངས་ཞུ་རྒྱུ་མ་ཟད། མིག་དཔེ་བལྟ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག ཆབ་སྲིད་ཐོག་དམར་ཤོག་ལྟ་གྲུབ་འཛིན་མཁན་རྒྱ་ནག་དང་། བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་ཁ་ཤས་ལས་མེད། དུས་རབས་ལ་བལྟས་པ་ཡིན་ན། ད་ཆ་དུས་རབས་ཉེར་གཅིག་ལ་སླེབས་ཟིན་པ་རེད། སྤྱི་ཚོགས་ཁྱོན་ཡོངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་རེད། ང་ཚོའི་ཆབ་སྲིད་ཀྱི་འཐབ་རྩོད་ལོ་དྲུག་ཅུ་ལྷག་འགྲོ་གི་ཡོད། མི་ཞིག་གི་མི་ཚེའི་ཐོག་ནས་བལྟས་པ་ཡིན་ན་ལོ་དྲུག་ཅུ་ཟེར་དུས་གང་འཚམས་འགྲོ་གི་ཡོད་དུས། འོན་ཀྱང་ཆབ་སྲིད་ཀྱི་འཐབ་རྩོད་ཐོག་ནས་དུས་ཡུན་རིང་པོ་གང་ཡང་མ་རེད། ང་ཚོར་བདེན་པ་དང་། རྒྱུ་མཚན། ཁྲིམས་མཐུན་གྱི་བདག་དབང་ཡོད་དུས་སེམས་ཤུགས་ནམ་ཡང་ཆག་རྒྱུ་མེད་པ་དང་། ད་ལྟའི་ཆར་ང་ཚོར་དངོས་སུ་འགྱུར་བ་ཤུགས་ཆེན་པོ་ཞིག་གཏོང་རྒྱུའི་ནུས་པ་མེད་ཀྱང་། ཁ་ཡོད་ལག་ཡོད་ཀྱིས་གནང་ཐུབ་པ་དེ། དཔེར་ན་སོ་སོའི་སྐད་ཡིག་རིག་གཞུང་དང་བཅས་པ་རྒྱུན་འཛིན་གནང་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་རེད།

དེ་རིང་རྣམ་པ་ཚོས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དེབ་བཏོན་པ་དེའི་གསུང་འཕྲིན་ནང་༧གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་གྱིས་དཀའ་ལས་བརྒྱབ་དགོས་པའི་བཀའ་སློབ་ཅིག་ཕེབས་འདུག དེ་ཚོ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། བོད་ནང་ལ་རྒྱའི་སྐད་ཡིག་གི་ཤན་ཞུགས་ཀྱི་ཡོད་པ་དང་། རྒྱ་གར་དང་ཕྱི་རྒྱལ་ཁག་ནང་ཕྱིའི་སྐད་ཡིག་གི་ཤན་ཞུགས་ཀྱི་ཡོད་རེད། ང་ཚོའི་ངོས་ནས་སོ་སོའི་མི་རིགས་ཀྱི་སྐད་ཡིག་དེ་རང་གི་ཁྱིམ་ཚང་ནས་འགོ་འཛུགས་ཏེ་མ་ཤི་བར་གཅེས་འཛིན་གནང་དགོས་པ་དང་། དེ་ལྟར་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་རེད་བསམ་གྱི་འདུག ང་ཚོ་ཤ་ཁྲག་རུས་གསུམ་བོད་པ་ཆགས་ཀྱི་ཡོད་པ་དང་། སྐད་ཡིག་མེད་པ་ཡིན་ན། ཤ་ཁྲག་རུས་གསུམ་གྱི་ཐོག་ནས་སུ་གང་གིས་ང་ཚོ་བོད་པ་ཡིན་པར་ངོས་འཛིན་བྱེད་ཐུབ་ཀྱི་མ་རེད། ངོས་འཛིན་བྱ་རྒྱུར་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ཁྱད་ཆོས་ཐོག་ནས་ཡོང་གི་ཡོད་དུས། དེ་ཚོའི་ཐོག་མ་འོངས་པར་ཚང་མས་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད། དེ་བཞིན་སློབ་ཕྲུག་རྣམ་པ་ས་བོན་འདྲ་པོ་ཞིག་ཆགས་བསྡད་ཀྱི་ཡོད་པ་དང་། རྣམ་པ་ཚོ་ས་བོན་ལ་ཆུ་དང་། དྲོད་སོགས་བྱུང་། དེ་ནས་ཡར་སྐྱེས་ནས་གང་ལྟར་ཆབ་སྲིད་དང་། དཔལ་འབྱོར་། རིག་གཞུང་། སྤྱི་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ་མང་པོ་ཞིག་ལ་འབྲས་བུ་དང་། ལོ་མ་དང་། ཡལ་ག་ལ་སོགས་འབྲས་བུ་སྨིན་པ་དེ་རྣམ་པ་ཚོ་བརྒྱུད་ནས་ཡོང་དགོས་ཀྱི་ཡོད་རེད། དེ་ཡིན་དུས་ས་བོན་དེ་འབྲས་བུ་དོན་དང་ལྡན་པ་ཡོང་རྒྱུར་རྣམ་པ་ཚོས་ཐོག་མར་དམིགས་ཡུལ་གང་ཟིན་པ་ཡིན་ནའང་། དེ་བསྒྲུབ་ཐུབ་རྒྱུའི་ལྷག་བསམ་དང་། སྙིང་སྟོབས། ལ་རྒྱ་བཅས་ངེས་པར་དུ་དགོས་ཀྱི་ཡོད་རེད། གནས་སྐབས་ཀྱི་དཀའ་ངལ་ལ་བརྟེན་ནས་སོ་སོའི་སྤོབས་པ་ཞུམ་ཡ། སེམས་ཤུགས་ཆག་ཡ། ལེ་ལོ་དང་། སྒྱིད་ལུགས་ཀྱི་དབང་དུ་བཏང་ན་སོ་སོའི་དམིགས་ཡུལ་བསྒྲུབ་ཐུབ་ཀྱི་མ་རེད། གོང་དུ་སུ་བྷ་ཤི་ཀུ་མར་ལགས་ཀྱིས་གསུངས་པ་ལྟར། དེང་སང་གོ་ལ་གཅིག་གྱུར་ཆགས་ཚར་བསྡད་དུས། མི་རིགས་གཞན་ལའང་དབང་བསྒྱུར་ཐུབ་རྒྱུ་དེ་འདྲ་ཡོང་གི་འདུག དེ་འདྲ་བྱུང་བར། ཤེས་ཡོན་དང་། ལྷག་བསམ། སྤོབས་པ་བཅས་ཀྱི་ཐོག་ནས་ཡོང་གི་ཡོད་རེད་མ་གཏོགས། ལས་སླ་པོར་ཡོང་རྒྱུ་ཡོད་མ་རེད། སོ་སོའི་ངོས་ནས་དཀའ་ལས་བརྒྱབ་དགོས་ཀྱི་ཡོད། མདོར་ན་སློབ་སྦྱོང་ཐོག་ལ་འབད་བརྩོན་ཤུགས་ཆེན་པོ་གནང་དགོས་པ་དེ་གལ་ཆེན་པོ་རེད། དེ་བཞིན་དགེ་ལས་རྣམ་པ་ཡོངས་ནས་ད་བར་ལྷག་བསམ་རྣམ་དག་གི་ཐོག་ནས་ཧུར་ཐག་གནང་ཡོད་རེད། ད་དུང་མུ་མཐུད་དེ་ལྟར་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེ་རིང་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་འབྲེལ་བའི་སྦྱིན་བདག་ཁག་མང་པོ་ཞིག་ཀྱང་སླེབས་འདུག རྩ་བའི་ཤེས་ཡོན་གལ་ཆེན་པོ་རེད། དེ་ཡོང་རྒྱུར་དཔལ་འབྱོར་གྱི་མཐུན་རྐྱེན་ཡང་གལ་ཆེན་པོ་ཆགས་ཀྱི་ཡོད། སྦྱིན་བདག་རྣམ་པ་ཡོངས་ལ་གོ་སྐབས་འདི་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བསྟན་པ་དང་། བོད་དོན་བདེན་མཐའ་གསལ་བ། མ་སུ་རི་བོད་ཁྱིམ་གྱི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་བཅས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུངས་གནང་བ་བཅས། །