དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་སྐུ་ཟླ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་པ།

༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་སྐུ་ཟླ་པོལ་ པི་ལོ་སི་ (Paul Pelosi) ལགས་སུ་ཕྱི་མི་ཞིག་གིས་རྨས་སྐྱོན་བཟོས་ཡོད་པའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་གདུང་སེམས་མཉམ་སྐྱེད་དང་། ཁོང་གི་སྐུ་ཟླ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་གནང་འདུག

དེ་ཡང་ལྕམ་སྐུ་ཁོང་ལ་བསྐུར་བའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླ་པོལ་ པི་ལོ་སི་ (Paul Pelosi) ལགས་ལ་ཕྱི་མི་ཞིག་གིས་རྨས་སྐྱོན་བཟོས་ཡོད་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་། ཡིན་ཡང་ཉེ་ཆར་བཤག་བཅོས་ལམ་ལྷོངས་བྱུང་སྟེ་དྲག་སྐྱེད་ཡོང་བཞིན་པའི་གནས་ཚུལ་གོ་ཐོས་བྱུང་བར་དགའ་པོ་བྱུང་།  དཀའ་ཁག་ཅན་གྱི་དུས་ཚོད་འདིའི་སྐབས་ང་ཚོ་བོད་མི་ཚང་མས་སྐུ་ཉིད་དང་། སྐུ་ཉིད་ཀྱི་ནང་མིར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཀྱི་སྐུ་ཟླ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག