དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨི་ཊ་ལིའི་སྲིད་བློན་གསར་པར་དགའ་བསུའི་འཚམས་འདྲི་ཞུས་པ།


 

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༥ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཨི་ཊ་ལིའི་སྲིད་བློན་གསར་པ་བུད་མེད་སྲིད་བློན་དང་པོ་ལྕམ་སྐུ་ཇོར་ཇི་ཡ་མེ་ལོ་ནི་ (Giorgia Meloni) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།

འཚམས་འཕྲིན་ནང་། ཨི་ཊ་ལིའི་གཞུང་མང་གཉིས་ནས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་བོད་མི་ཚོར་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ལྕམ་སྐུ་མཆོག་དང་ཨི་ཊ་ལིའི་མི་མང་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་འབད་བརྩོན་ཤུགས་ཆེ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་དང།

དེ་བཞིན་ཁོང་གི་་ཤེས་ཡོན་དང་ཉམས་མྱོང་ཟུང་འབྲེལ་གྱིས་ཨི་ཊ་ལིའི་མི་མང་གི་རེ་བ་དང་མངོན་འདོད་སོགས་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་བཅས་འཁོད་ཡོད།