དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་གཉིས་དང་མཇལ་འཕྲད་གནང་བ།

 


༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་གཙོའི་ལས་ཁུངས་སུ་ཨ་རི་གྲོས་ཚོགས་གོང་མའི་ལས་བྱེད་ Maggie Dougherty དང་ Matt Squeri རྣམ་གཉིས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས་བཅས་དང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས། ཉེ་སྔོན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་ཨ་རིའི་རྒྱལ་ས་ཨ་ཤིན་ཊོན་དུ་ལྷན་ཚོགས་གནང་བའི་སྐོར། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གཉིས་ཀས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་དང་། བོད་ནང་གི་ཛ་དྲག་གནང་སྟངས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་དང་། བོད་ཕྲུག་རྣམས་རྒྱ་ནག་གི་གཏན་སློབ་ནང་བཙན་བསྐྱལ་བྱ་བཅུག་པ་སོགས་ཀྱི་སྐོར་གསུངས་པ་མ་ཟད་ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པའི་ཐོག་ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་སོགས་ཀྱི་སྐོར་གསུངས་སོང་། ཨ་རི་གྲོས་ཚོགས་གོང་མའི་ལས་བྱེད་རྣམ་གཉིས་ནས་བོད་ནང་གི་ཛ་དྲག་གནང་སྟངས་ཐོག་སེམས་ཚབ་ཡོད་པ་གསུངས་གནང་སོང་།

དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་དེབ་དང་ཡིག་ཆ་ཁག་ཅིག་ཕུལ་གནང་རྗེས་ཁོང་རྣམས་གྲོས་ཚོགས་སུ་གཟིགས་སྐོར་ལ་ཕེབས་ཡོད་པ་བཅས། །