དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨིན་ཡུལ་གྱི་རྒྱལ་པོ་ཅར་ལེར་སི་གསུམ་པ་མཆོག་ལ་འཚམས་འདྲི་ཞུས་པ།


༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསར་དུ་ཁྲི་འདོན་ཞུས་པའི་ཨིན་ཡུལ་གྱི་རྒྱལ་པོ་ཅར་ལེར་སི་གསུམ་པ་ (King Charles III) མཆོག་ལ་འཚམས་འདྲི་ཞུས་གནང་ཡོད།

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ཨིན་ཡུལ་གྱི་རྒྱལ་པོར་ཁྲི་འདོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱིས་རྒྱལ་ཡུམ་མཆོག་གིས་བཞག་པའི་མཛད་རྗེས་རྣམས་རྒྱུན་སྐྱོང་གནང་རྒྱུའི་རེ་བ་ཡོད། སྐུ་ཉིད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་ཤིག་ཡིན་སྟབས། བོད་མི་ཡོངས་ཀྱི་གྲོགས་པོ་ཞིག་ཡིན་པ་ལའང་ངོས་འཛིན་གནང་གི་ཡོད། ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ནས་ཨིན་ཡུལ་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག་པ་བཅས། །