དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་གསར་པར་དགའ་བསུའི་འཚམས་འདྲི་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༦ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཨིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་ལི་ཛི་ ཊ་ར་སི་ (Liz Truss) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས། ཨིན་ཡུལ་མི་མང་ནས་སྐུ་ཉིད་ཀྱི་དབུ་ཁྲིད་དང་ལས་དོན་གནང་ཕྱོགས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། སྐུ་ཉིད་རྒྱལ་ཁ་ཐོབ་པར་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་བྱུང་བ་དང་། འབྱུང་འགྱུར་མུ་མཐུད་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

སྐུ་ཉིད་ནས་སྲིད་བློན་གྱི་མཛད་འགན་བཞེས་རིང་ཨིན་ཡུལ་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །