དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༧ ཉིན་རྡ་སའི་ཉེ་འགྲམ་དུ་ཡོད་པའི་ཨིམ་པི་རི་ཡལ་ (Imperial Heights Clarks Inn) གསོལ་མགྲོན་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དབུ་འཛུགས་གནང་སོང་།

སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས་བཅས་དང་། གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། དབུས་གཞོན་ནུ་ལྷན་ཚོགས་ཁྱབ་ཁོངས་ས་གནས་ཁག་ ༤༥ ནས་ཕེབས་པའི་ཚོགས་བཅར་བ་རྣམ་པ་བཅས་འདུ་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྣམ་པ། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་། གཞོན་ནུའི་མཐུན་གཞས་བཏང་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱི་ཚོགས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་བཞིན་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། གོང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་འདས་པའི་ལོ་ངོ་ ༥༢ ནང་ཚོགས་པའི་ངོས་ནས་བོད་བསྟན་སྲིད་ཆེད་དུ་ཕྱག་ལས་གང་དང་གང་གནང་ཡོད་པ་དང་། དེ་བཞིན་མ་འོངས་པར་གང་གནང་འཆར་ཡོད་པ་སོགས་ཀྱི་བཀའ་སློབ་ཟབ་ཞིང་རྒྱས་པ་གནང་སོང་། ངས་དེ་རིང་གཙོ་བོ་དོན་ཚན་འདྲ་པོ། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དང་། རྒྱ་ནག་གི་ཆབ་སྲིད་འགྱུར་བགྲོས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་གནས་སྟངས་བཅས་གསུམ་གྱི་ཐོག་ཞུ་རྒྱུ་དང་། དེ་ཡང་ང་ཚོའི་ངོས་ནས་རྒྱུན་དུ་དོན་ཚན་དེ་གསུམ་གྱི་ཐོག་ལ་བལྟས་ནས་སོ་སོས་ཆ་ཤས་བླངས་དགོས་པ་གང་ཡོད་མེད་ཐོག་དགོངས་པ་ཡག་པོ་བཞེས་པ་ཡིན་ན། ཏན་ཏན་གྱིས་ནུས་པ་འདོན་ཐུབ་པ་དང་། སོ་སོའི་ངོས་ལ་རེ་བ་གསར་པ་ཞིག་སླེབས་ཐུབ་རྒྱུའི་གོ་སྐབས་ཤིག་ཡོད་རེད།

རྩ་བའི་ང་རང་ཚོས་བོད་དོན་འཐབ་རྩོད་བྱས་ནས་ལོ་ངོ་དྲུག་ཅུ་ལྷག་འགྲོ་བཞིན་ཡོད་ཅིང་། སྤྱིར་བཏང་འཛམ་གླིང་ཆབ་སྲིད་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་ལ་བལྟས་པ་ཡིན་ན། དུས་ཚོད་ཐུང་ཐུང་ཞིག་རེད། འཐབ་རྩོད་ཟེར་བ་དེ་ལོ་བརྒྱ་ཕྲག་དང་། སྟོང་ཕྲག་ཡིན་ནའང་རྒྱུན་འཁྱོངས་བྱེད་དགོས་པའི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་རེད། ཡིན་ནའང་མི་གཅིག་གི་མི་ཚེའི་གནས་བབ་ལ་བལྟས་པ་ཡིན་ན། ལོ་དྲུག་ཅུ་ཟིན་དུས་མི་ཞིག་གི་མི་ཚེ་གཅིག་གམ་ཡང་ན། རྒས་ཡོལ་ལ་འགྲོ་རྒྱུའི་དུས་ཚོད་ལ་སླེབས་བསྡད་ཡོད་རེད། བོད་ནང་གི་གནས་སྟངས་ལ་བལྟས་པ་ཡིན་ན། གཞིས་བཞུགས་བོད་མི་ཚོའི་ལྷག་བསམ་དང་། སྙིང་སྟོབས། བློས་གཏོང་། འཆར་གཞི་དང་ལྡན་པའི་བོད་དོན་ཐོག་ལས་དོན་བྱེད་ཕྱོགས། ལྷག་དཀར་སྲུང་བརྩི་ཞུ་རྒྱུས་མཚོན་པའི་བོད་དོན་ཆེད་ལས་འགུལ་སྤེལ་ཕྱོགས་ཚང་མ་ཧ་ལས་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་དུ་བོད་ནང་ཡོད་པའི་བོད་མི་ཚོའི་དད་པ་དམ་ཚིག་གཡོ་བ་མེད་པར་རི་རབ་ཇི་བཞིན་བརྟན་པོར་གནས་བསྡད་འདུག་ཅེས་གསུང་བསྡད་ཀྱི་ཡོད་རེད། མ་འོངས་པའི་ང་ཚོའི་ཁ་ཕྱོགས་དེ་ག་བར་འགྲོ་དགོས་ཀྱི་རེད། བོད་ནང་གི་བོད་མི་ཚོའི་བསམ་བློར་གཞི་བཞག་གི་རེད་དམ། ཡང་ན་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོའི་བསམ་བློར་གཞི་བཞག་དགོས་རེད་དམ། དེ་ཚོ་ང་ཚོས་ད་ལྟ་ནས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག ཉིན་མ་གཅིག་གང་ལྟར་མང་ཚོགས་ཀྱི་འདོད་པ་ཇི་བཞིན་འགྲོ་དགོས་ཀྱི་རེད། ད་ལྟ་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་སྲིད་བྱུས་ཐོག་ནས། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་བཏིང་བ་ནང་བཞིན་ལག་བསྟར་བྱས་དང་བྱེད་མུས་རེད། དེ་ཚོའི་ཐོག་ང་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ནས་བོད་ཕྱིའི་གནས་བབ་རེད། དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། བོད་ནང་ཡོད་པའི་བོད་མི་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་ལ་ཡིད་ཆེས་བློ་གཏད་བརྒྱ་ཆ་བརྒྱ་གནང་གི་ཡོད་རེད། ཡིན་ནའང་ད་ཆ་ང་ཚོའི་བྱེད་ཕྱོགས་ཀྱི་ཐོག་ནས་ཡིད་ཆེས་དེ་བརླག་རྒྱུའི་ཉེན་ཁར་སླེབས་ཡོད་པ་དང་། དེ་ཡང་བརྒྱ་ཆ་བརྒྱའི་ཉེན་ཁ་ཡོད་རེད། དེ་ཚོའི་ཐོག་ལ་ང་ཚོས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད། དེ་ཡིན་དུས་ང་ཚོ་ནང་ཁུལ་ཕྲན་བུའི་བསམ་ཚུལ་མཐུན་མི་མཐུན་ཡོང་གི་ཡོད་རེད། བྱེད་ཕྱོགས་འགྲིག་མི་འགྲིག་ཡོང་གི་ཡོད་རེད། ནོར་འཁྲུལ་ཏོག་ཙམ་ཏོག་ཙམ་ཡོང་གི་ཡོད་རེད། ཡིན་ནའང་། དེ་དག་ཆེན་པོ་བཟོ་བ་དང་། ཞེ་པོ་གཅིག་སྡུག་ཏུ་གཏང་རྒྱུ། བོད་པའི་ཁ་དཔེར། འགྱེལ་བའི་སྒང་ལ་རྡོག་རྩིས་ཟེར་བ་ནང་བཞིན་དེ་ཇེ་སྡུག་ཏུ་གཏང་རྒྱུ་དེ་ང་ཚོར་དགོས་ཀྱི་ཡོད་མ་རེད། དེ་ལས་གཞན་པའི་ང་ཚོ་བཟང་ཕྱོགས་དང་། མཐུན་ཕྱོགས། རེ་བ་བརྒྱབ་ས་གང་དང་གང་འདུག དེ་ཚོའི་ཐོག་དགོངས་པ་བཞེས་པ་ཡིན་ན། མ་མཐུན་པ་དེ་བརྒྱ་ཆ་ཉི་ཤུ་ཙམ་ལས་གཞན་བརྒྱ་ཆ་བརྒྱད་ཅུ་འདྲ་པོ་མཐུན་པར་བརྩིས་ན་མ་འགྲིག་པ་ཡོད་མ་རེད། མི་རིགས་དང་། རིག་གཞུང་། འཐབ་རྩོད་ཀྱི་དམིགས་ཡུལ་གཅིག་པ། དབུ་ཁྲིད་གཅིག་པ་ཡིན་པའི་ཆ་ནས་ང་ཚོ་ནང་ཁུལ་མཐུན་པའི་ཆ་དེ་རང་བཞིན་གྱིས་མང་བ་ཆགས་བསྡད་ཡོད་རེད། མ་མཐུན་པའི་ཕྱོགས་ལ་གུ་ཡངས་དང་། གོ་བསྡུར་སྦྱངས་བཤད་བྱས་ནས་ཡོང་བསྲང་བྱ་རྒྱུ་གང་ཡོད་པའི་ཐབས་ལམ་བཙལ་དགོས་པ་གལ་ཆེན་པོ་རེད་ཅེས་བོད་ཕྱི་ནང་གཉིས་ཀྱི་གནས་བབ་སྐོར་ལ་དེ་ཙམ་ཞུ་རྒྱུ་དང་།

རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་དེ་ཧ་ཅང་གི་འགྱུར་བགྲོས་ཆེན་པོ་རེད། ཆབ་སྲིད་ཀྱི་བསམ་ཚུལ་མཐུན་མིན་གྱིས་སྔོན་མར་རྒྱ་ནག་གི་ད་ལྟའི་སྲིད་འཛིན་ཞི་ཅིན་པིང་དང་། བྷོ་ཤི་ལཡི་ (Bo Xilai) དབར་གནས་བབ་གཅིག་མཚུངས་ཡིན་ཡང་། ད་ཆ་བྷོ་ཤི་ལཡི་མིང་ཙམ་ཡང་གོ་རྒྱུ་མེད་པའི་གནས་སྟངས་ཆགས་ཡོད། རྒྱལ་སྤྱིའི་ནང་རྒྱ་ནག་གི་དཔལ་འབྱོར་གྱི་གནས་བབ་སྡུག་ཏུ་འགྲོ་བ། རྒྱ་ནག་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས་དམག་དང་། གོ་མཚོན་སོགས་བེད་སྤྱོད་མ་གཏང་བ་ཡིན་ན། མི་མང་གིས་གྱེར་ལངས་ཡོང་རྒྱུའི་ཉེན་ཁ་ཡོད་རེད་ཅེས་བརྗོད་བཞིན་ཡོད་པ་དང་། གལ་སྲིད་དེ་ལྟར་ཡོང་བ་ཡིན་ན། ང་ཚོའི་ངོས་ལ་འཆར་གཞི་གང་ཡོད་རེད་ཟེར་བ་དེ་ཚོའི་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། ཉེ་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བདེ་སྐྱིད་ཚལ་དུ་ཆགས་པའི་ཐུབ་བསྟན་གླིང་དགོན་པ་དབུ་འབྱེད་སྐབས་སུ། ཆབ་སྲིད་དང་འབྲེལ་བའི་བཀའ་སློབ་ཤུགས་ཆེན་པོ་ཞིག་གནང་ཡོད་རེད། དེ་ཚོ་ཚང་མ་ང་ཚོས་སེམས་ནང་བཞག་དགོས་པ་གལ་ཆེན་པོ་རེད་ལ། ང་ཚོས་ཀྱང་དེ་ལྟར་ཉར་གྱི་ཡོད། རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་ཞིག་ཡོང་བ་ཡིན་ན། དཔེར་ན་དགུ་བཅུ་གོ་གྲངས་ནང་གི་ཨུ་རུ་སུའི་གནས་སྟངས་ལྟ་བུ་བྱུང་མ་སྲིད་པ་མ་རེད་པཱ། དེ་ལྟར་བྱུང་བ་ཡིན་ན། ང་ལ་དེ་སྤྲད་དང་ཞེས་ལབ་ས་མེད་པ་དང་། སོ་སོའི་ཐོབ་ཐང་དེ་ལེན་ནས་འགྲོ་དགོས་རེད། དེང་སང་གི་ཆབ་སྲིད་འགྱུར་བགྲོས་ལ་གཞིག་པའི་ང་ཚོའི་ངོས་ནས་བྱེད་ཕྱོགས་གང་དགོས་པའི་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག་བསམ་གྱི་འདུག ཆབ་སྲིད་ཟེར་བ་དེ་མཐའ་གཅིག་ཏུ་ངེས་པ་མེད་པ་ཞིག་རེད། ངེས་པ་མེད་པའི་རྒྱུ་མཚན་གང་རེད་ཟེར་ན། ཆབ་སྲིད་ཟེར་བ་དེ་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་མ་རེད། ཆབ་སྲིད་ཟེར་བ་དེ་མང་བ་ཞིག་མི་སྒེར་གཅིག་གི་ལྟ་སྤྱོད་ཐོག་ནས་འགྲོ་ཡི་ཡོད་རེད། མི་སྒེར་གཅིག་གི་གནས་བབ་དེ་འགྱུར་བ་འགྲོ་བ་ཡིན་ན། ཆབ་སྲིད་དང་། སྤྱི་ཚོགས་ཀྱི་གནས་བབ་དེ་རང་བཞིན་གྱི་འགྱུར་བ་འགྲོ་ཡི་རེད། དེ་ཡིན་དུས། ང་ཚོ་མང་གཙོའི་སྤྱི་ཚོགས་ནང་དབུ་ཁྲིད་རྣམ་པ་མི་མང་གིས་འོས་བླུགས་ནས་ཡར་སླེབས་ཀྱི་ཡོད་པ་དང་། དབང་ཆ་གཅིག་སྡུད་རིང་ལུགས་ནང་མི་གཅིག་གི་བསམ་བློ་དང་། ལྟ་གྲུབ་ཐོག་ནས་སོ་སོའི་ནུས་པ་བརྟན་པོ་བཟོས་ནས་སླེབས་བསྡད་ཀྱི་ཡོད་རེད། ད་ཆ་ང་ཚོས་རྒྱ་ནག་ནང་ལོགས་ལ་བོད་ཀྱི་གནས་བབ་དེ་སླར་གསོ་ཇི་ལྟར་བྱེད་དགོས་པའི་ཐོག་དགོངས་པ་བཞེས་དགོས་པའི་གནས་སྟངས་ཏན་ཏན་ཆགས་བསྡད་ཡོད་རེད་ཅེས་ཞུ་རྒྱུ་ཡིན།

དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་དོན་ཚུད་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་རེད། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་བསྐོང་ཚོགས་ཞུས་པ་རེད། བསྐོང་ཚོགས་གནང་རྒྱུར་འཛིན་སྐྱོང་བཀའ་ཤག་ནས་མཐུན་འགྱུར་བླ་ན་མེད་པ་གནང་ཡོད་རེད། ང་ཚོ་ཚང་མ་མཉམ་འབྲེལ་ཐོག་ནས་ཚོགས་ཆེན་གཟི་བརྗིད་དང་ལྡན་པ་ཞིག་ཚོགས་ཐུབ་ཡོད་ཅིང་། སྐབས་དེ་དུས་ཨ་རིའི་ཆབ་སྲིད་གནས་བབ་ཧ་ཅང་གི་ཛ་དྲག་པོ་ཡིན་ཡང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ནས་གལ་ཆེའི་བཀའ་སློབ་གནང་བ་དང་། གཞན་ཡང་འཛམ་གླིང་རྒྱལ་ཁབ་ཁག་ ༢༨ ཀྱི་གྲོས་ཚོགས་འཐུས་མི་སླེབས་ཐུབ་པ། དེ་ཡང་མང་ཆེ་བ་ལྷོ་ཨ་མི་རི་ཀའི་ཁུལ་གྱི་གྲོས་ཚོགས་འཐུས་མི་སླེབས་ཐུབ་ཡོད་རེད། ང་ཚོས་དུས་རྒྱུན་དུ་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་དོན་ཚུད་ཐབས་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཡིན་པ་དང་། རྒྱལ་སྤྱིའི་ནང་བོད་ཀྱི་ངོ་བོ་བརླག་སོང་བ་ཡིན་ན། ང་ཚོ་བཙན་བྱོལ་ནང་ཡོད་མཁན་ཚོས་ཆབ་སྲིད་ཀྱི་ཐོག་འགན་ཁུར་ཞུ་དགོས་པ་དེ་བསྒྲུབ་ཐུབ་མེད་པ་ལྟ་བུ་ཆགས་ཡོད་རེད། ཉེ་ཆར་སྟབས་ལེགས་པ་ཞིག་ལ། སྟོབས་ཆེན་རྒྱལ་ཁབ་བདུན་ (G7) གྱི་ལྷན་ཚོགས་ནང་བོད་དོན་གླེང་སློང་བྱུང་སོང་། དེ་བཞིན་འབྱོར་ལྡན་རྒྱལ་ཁབ་ ༢༠ (G20-Summit) ཚོགས་ཆེན་དང་།  རྒྱ་གར་དང་། ཉི་འོང་། ཨོ་སི་ཀྲོ་ལི་ཡ། ཨ་རི་བཅས་རྒྱལ་ཁབ་བཞིའི་བདེ་སྲུང་འབྲེལ་མོལ་ (Quadrilateral Security Dialogue (Quad)) སོགས་ཀྱི་རྒྱལ་སྤྱིའི་ཚོགས་འདུའི་ནང་བོད་དོན་གླེང་སློང་ཡོང་ཐུབ་རྒྱུའི་ཐོག་དགོངས་པ་བཞེས་དགོས་པ་དང་། འབད་བརྩོན་གནང་དགོས་སྐོར་སོགས་གསུངས་གནང་སོང་།


གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། ༸སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམ་གཉིས་ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་དང་།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། སྤྱི་ཟུར་དམ་པ་ཚེ་བརྟན་ནོར་བུ་ལགས་ལ་རང་བཙན་གཟེངས་རྟགས་ཕུལ་བ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བརྒྱུད་ལྡི་ལི་དང་། སྤོན་ཊ། སྦིར་ས་གནས་གཞོན་ལྷན་བཅས་གསུམ་ལ་ས་གནས་གཞོན་ལྷན་རྩེ་ཕུད་ཀྱི་གཟེངས་རྟགས་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་སུ་ཞབས་ལོ་ ༡༥ ལྷག་རྒྱུན་ལས་ཀྱི་ཞབས་ཞུ་སྒྲུབ་གནང་མཁན་གཞོན་ལྷན་ལས་ཐོག་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་སུ་གཟེངས་རྟགས། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ནེ་རི་ཡ་ (Ajit Nehria) ལགས་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྡ་ས་ས་གནས་སུ་ཞབས་ལོ་ ༡༥ ལྷག་ས་གནས་རྒྱུན་ལས་ཀྱི་ཞབས་ཞུ་སྒྲུབ་མཁན་བསྟན་འཛིན་མིག་དམར་ལགས་བཅས་ལ་གཟེངས་རྟགས་ཕུལ་གནང་བ་དང་། མཐར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་སོང་བ་བཅས། །