དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་བྱང་ཨ་རིའི་ཁུལ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ (Washington)དང་། ནིའུ་ཡོག་(New York) བཅས་ལ་གཞུང་འབྲེལ་ལས་དོན་སླད་ཕྱོགས་ཕེབས་གནང་ཡོད་པ་དང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ཀ་ནིག་ཀྲི་ཀཊ་(Connecticut) ལོ་སི་ཨེན་ཇི་ལེ་སེ་ (Los Angeles) བཅས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༣ དང་། ཚེས་ ༡༥ བཅས་སོ་སོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ནས་ ༢༤ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་མཛད་འཆར། ཕྱི་ཚེས་ ༢༥ ནས་ ༢༩ བར་ནིའུ་ཡོག་དང་། ཀ་ནིག་ཀྲི་ཀཊ་ཁུལ་ལ་མཛད་འཆར། ཕྱི་ཚེས་ ༣༠ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་ལོ་སི་ཨེན་ཇི་ལེ་སེར་ཕེབས་ཐོན་གྱིས་ས་གནས་སུ་མཛད་འཆར་བཅས་བསྐྱངས་ཏེ། ཕྱི་ཟླ་ ༧ པའི་ཚེས་ ༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༥ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཟླ་ ༧ པའི་ཚེས་ཤར་ལ་ནིའུ་ཡོག་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ལྡི་ལིར་གཞུང་འབྲེལ་ལས་དོན་གྲུབ་རྗེས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས། །