དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མེའོ་སམ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ངོ་སྤྲོད་གནང་བ།

༄༅། །ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཤེས་ཡོན་སྐོར་བསྐྱོད་ཀྱི་ལས་འཆར་འོག མེའོ་སམ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་བཅུ་བཞི་དང་། དགེ་རྒན་གཉིས་བཅས་བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དགོན་སྡེ་ཁག  སློབ་གྲྭ་ཁག་སོགས་ལ་ཉིན་གྲངས་བཅུའི་རིང་སྐོར་བསྐྱོད་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མེའོ་སམ་བྷོ་ཊ་སློབ་གྲྭའི་དགེ་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། ཕྱི་ལོ་ ༡༩༥༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་ ༡༦ ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཡོད་པ་དང་། ༡༩༥༡ ལོར་རྒྱ་ནག་གཞུང་གི་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་དགོས་བྱུང་བ། ཕྱི་ལོ་ ༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་པེ་ཅིང་ལ་ཕེབས་ནས་མའོ་ཀྲུ་ཞིས་མཚོན་པའི་རྒྱ་ནག་གི་འགོ་ཁྲིད་མང་ཆེ་བ་དང་མཇལ་འཕྲད་གནང་ཡོད་ཅིང་། དེའི་སྐབས་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་གཟིགས་ཞིབ་གནང་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་དང་། སྲིད་འཛིན་སོགས་མཇལ་འཕྲད་ཀྱིས་རྒྱ་གར་གྱི་མང་གཙོའི་སྒྲོམ་གཞིར་མཁྱེན་རྟོགས་གནང་བ་མ་ཟད། མང་གཙོའི་འགྲོ་ལུགས་དེ་ཧ་ཅང་ཡག་པོ་དང་། གལ་ཆེར་གཟིགས་ཏེ། བོད་ནང་ལེགས་བཅོས་ཚོགས་ཆུང་ཞིག་འགོ་འཛུགས་གནང་ཡོད་ཀྱང་། རྒྱ་དམར་གཞུང་གིས་བཙན་དབང་འོག་དགོངས་པ་ཇི་བཞིན་བསྒྲུབས་ཐུབ་མེད་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་ཞི་བའི་སྒེར་ལངས་བྱུང་བ་དང་། ཚེས་ ༡༧ ཉིན་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད།

དེ་ཡང་བཙན་བྱོལ་ནང་ཐོག་མར་སློབ་གྲྭ་ཟུར་འཛུགས་དང་། དེ་རྗེས་དགོན་སྡེ་ཁག་དང་། གཞིས་ཆགས་གསར་འཛུགས་གནང་ཡོད། བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུར། ཕྱི་ལོ་ ༡༩༦༠ ཟླ་ ༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་རྣམས་འཛོམས་ནས་ཆོས་ལུགས་ཆོལ་གསུམ་དང་བཅས་པས་༸གོང་ས་མཆོག་གིས་གང་གསུང་པ་བཀའ་གསུང་ཅི་སྒྲུབ་བྱེད་ཀྱི་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེའི་ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་ཤིང་། དེ་རྗེས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེ་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར་སྤྱི་འཐུས་ཀྱི་གྲུབ་ཆར་འགྱུར་བ་ཕྱིན་ཡོད་པ་དང་། ཐོག་མར་སྤྱི་འཐུས་ཀྱི་ལས་ཡུན་ལོ་གསུམ་དང་། སྤྱི་འཐུས་རྣམ་པ་ལས་ཁུངས་ཁག་ལ་བགོས་ནས་ཕྱག་ལས་གནང་གི་ཡོད་པ་དང་། ཟླ་རེར་ལྷན་འཛོམས་གནང་གི་ཡོད། དེ་རྗེས་བུད་མེད་སྤྱི་འཐུས་འཕར་སྣོན་དང་། ༸གོང་ས་མཆོག་གིས་ཐད་བསྐོས་གནང་རྒྱུ་སོགས་འགྱུར་བ་ཕྲན་བུ་ཕྲན་བུ་བྱུང་ཡོད། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་གི་བཀའ་དགོངས་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་གནང་བ་དང་། སྤྱི་འཐུས་སྐབས་ ༡༡ པས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་། སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ་དང་། ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ། དེའི་ནང་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་སླེབས་དགོས་པ། ཐད་བསྐོས་སྤྱི་འཐུས་ ༡ ནས་ ༣ བར། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢ བཅས་ཁྱོན་སྤྱི་འཐུས་གྲངས་འབོར་ ༤༦ ལ་སྤར་གནང་བ་དང་བཅས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་གནང་མཛད། དེ་དང་མཉམ་དུ་འཛིན་སྐྱོང་ལ་བྱ་ར་སྟངས་འཛིན་བྱེད་རྒྱུའི་ཕྱག་ལས་གནང་གི་ཡོད། ཕྱི་ལོ་  ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འདེམས་བསྐོ་གནང་རྒྱུ་དང་། ཕྱག་རོགས་བཀའ་བློན་རྣམས་བཀའ་བློན་ཁྲི་པས་གྲོས་ཚོགས་ནང་འོས་དམིགས་སྙན་སྒྲོན་དང་། གྲོས་ཚོགས་ནས་འོས་འདེམས་གནང་རྒྱུ། ཕྱི་ལོ་ ༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ཁག་ལ་གསོལ་སྩལ་གནང་བ་སོགས་མང་གཙོའི་ཀ་བ་གསུམ་གྱི་བྱུང་རིམ་དང་། ལོ་དུས་སོ་སོའི་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཇི་ལྟར་བྱུང་བའི་སྐོར་ལ་ངོ་སྤྲོད་དང་། ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ལུགས་རེ་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢། ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་གྲངས་འབོར་ཁྱོན་ ༤༥ ཡོད་པ་དང་། གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་རྗེས། སློབ་ཕྲུག་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཁོང་རྣམས་ས་ཐག་རིང་པོ་ནས་བཞུགས་སྒར་དུ་ཤེས་ཡོན་སྐོར་བསྐྱོད་ཕེབས་པ་དང་། ད་རེས་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་མང་གཙོའི་འཕེལ་རིམ་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་གནང་སོང་བ་བཅས། །