དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨོ་སི་ཀྲོ་ལི་ཡ་རྒྱལ་ཁབ་ཀྱི་སྲིད་བློན་གསར་པ་སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༥ ཚེས་ ༢༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ཨན་ཊོ་ནི་ཨལ་བྷ་ནི་སི་ (Anthony Albanese) མཆོག་ཨོ་སི་ཀྲོ་ལི་ཡ་རྒྱལ་ཁབ་ཀྱི་སྐབས་ ༣༡ པའི་སྲིད་བློན་གྱི་དམ་འབུལ་དང་། ལས་ཁུར་བཞེས་པར་དགའ་བསུའི་འཚམས་འདྲི་ཞུས་གནང་ཡོད།

འཚམས་འཕྲིན་ནང་འཁོད་དོན། ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ནས་རྒྱུན་དུ་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་དམར་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུ་རེ་གསུམ་ནང་བོད་ལ་ཞི་བའི་བཅིངས་གྲོལ་དང་། ཡར་རྒྱས་བཏང་ཡོད་ཚུལ་གྱི་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་དོན་དངོས་སུ་བོད་ནང་གི་གནས་སྟངས་ནི་ཧ་ཅང་གི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཆགས་ཡོད། བོད་ནང་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། དེ་བཞིན་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྒྱ་དམར་གཞུང་གིས་རྡོག་རོལ་བཏང་དང་གཏོང་བཞིན་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༧ གྱིས་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་ཡོད་པ་དང་། ཁོང་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་སྒྲ་བསྒྲགས་ཡོད།

ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་ནི་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་། བོད་མིའི་ངོ་བོ་དང་། ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཐོག་མཐུན་འགྱུར་གནང་མཁན་ཐོག་མའི་གྲས་ཤིག་ཡིན། སྐུ་ཉིད་ཀྱི་དབུ་འཁྲིད་འོག་མུ་མཐུད་དེ་ལྟར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད། སྐུ་ཉིད་ཀྱིས་ཨོ་སི་ཀྲོ་ལི་ཡའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །