དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་འབྲས་ལྗོངས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །ཉེ་ཆར་རྙིང་མའི་བླ་ཆེན་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༥ ནས་ ༡༠ བར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྦས་ཡུལ་འབྲས་མོ་ལྗོངས་སུ་རྟེན་གཞི་བྱས་པའི་མཆོད་རྟེན་དགོན་པར་ཞིང་གཤེགས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་དང་། ཐུགས་གསོའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ཟླ་ ༢ ཚེས་ ༥ ཉིན་ཆུ་ཚོད་ ༢།༣༠ ཐོག་བཞུགས་སྒར་རྡ་ས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་རྒྱལ་ས་ལྡི་ལི་ནས་འབྲས་ལྗོངས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༨ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༩ ཉིན་འབྲས་ལྗོངས་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༠  ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །