དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་སྐོར་ལ་བཀའ་སློབ་གནང་བ།

( སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ལྟར་བཞིན་གཞོན་སྐྱེས་སློབ་ཕྲུག་ཚོར་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ནང་ཆོས་ངོ་སྤྲོད་གནང་བཞིན་པ་ལྟར་འདི་ལོར་ཡང་ནང་ཆོས་ངོ་སྤྲོད་མཛད་ཅིང་། མཇུག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༤ ཉིན་བཀའ་སློབ་གནང་བ་སྒྲ་ཕབ་ཞུས། )

speaker closing 

གླེང་གཞི།

 

ད་ལྟ་ངོ་སྤྲོད་གནང་བ་བཞིན། ལོ་རྟག་པར་བོད་ཕྲུག་ཁྱིམ་སྡེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཆིབས་བསྒྱུར་བསྐྱངས་ནས་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་གནང་གི་ཡོད་པ་རེད། བཀའ་སློབ་དངོས་སུ་གསན་རྒྱུའི་གོ་སྐབས་རག་པ་དེ་ཁྱེད་རང་ཚོ་ལྟ་བུ་ཡིན་ན། དངོས་གནས་དྲང་གནས་ཀྱི་བསོད་ནམས་ཆེན་པོ་རེད་བསམ་གྱི་ཡོད། དེར་བརྟེན་དེའི་གོ་སྐབས་དེ་དམ་འཛིན་ཐོག་༸རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་བ་དེའི་ཐོག་འབད་བརྩོན་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ལོ་ཤས་སྔོན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་དང་འབྲེལ་སློབ་ཕྲུག་ཚོའི་ངོས་ནས་དྲི་བ་འགའ་ཡོང་གི་ཡོད་པ་སོང་ཙང་། ཆབ་སྲིད་དང་འབྲེལ་བ་ཡོད་པའི་དྲི་བ་དེ་དག་དཔལ་ལྡན་སྲིད་སྐྱོང་དང་། ཚོགས་གཙོ་གཉིས་སྐད་བཏང་ནས་སྐད་ཆ་བཤད་བཅུག་ན་ཞེས་གསུངས་པའི་བརྒྱུད་རིམ་ཞིག་གི་ཐོག་ནས་གོ་སྒྲིག་གནང་མཁན་ཚོས་ཀྱང་བཀའ་ཞིག་གནང་གི་ཡོད་པ་དང་། བཀའ་གནང་བ་གཞིར་བཟུང་གི་འདིར་བཅར་གྱི་ཡོད་པ་རེད། བརྗོད་གཞི་འདི་ཚོ་ཡང་གོ་སྒྲིག་གནང་མཁན་ཚོས་དུས་ཚོད་དང་འཚམས་པའི་བརྗོད་གཞི་བཞག་ནས་ང་ཚོས་འདིའི་ཐོག་ལ་གཏམ་བཤད་ཅིག་བྱེད་ཀྱི་ཡོད་པ་རེད། སོང་ཙང་ངས་གཏམ་བཤད་ཀྱི་སྔོན་དེར་ག་དུས་ཡིན་ནའང་ཆོབ་འདྲ་པོ་བསླངས་ཀྱི་ཡོད། འོན་ཀྱང་དེ་རིང་བརྗོད་གཞི་དེ་ཆོབ་བསླངས་རྒྱུའི་བརྗོད་གཞི་ལྟ་བུ་མ་རེད། དེར་བརྟེན་ཁྱེད་རང་ཚོ་བློ་སྒྲིམ་དགོས་པའི་གནས་སྟངས་ཆགས་སྲིད་པ་རེད་དྲན་གྱི་ཡོད། དེ་རིང་འདིར་ཆིབས་བསྒྱུར་བསྐྱངས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། ལྷག་པར་དུ་དགེ་བཤེས་རྣམ་པ་ཚོ་དེ་རིང་ཆོས་འབྲེལ་དང་འབྲེལ་ནས་བགྲོ་གླེང་གནང་རྒྱུ་དང་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་མཉམ་ཞུགས་གནང་གི་ཡོད་པ་རེད། གཞན་ཡང་། གོ་སྒྲིག་བྱེད་མཁན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། བོད་ཕྲུག་ཁྱིམ་སྡེའི་དབུས་དང་ཁྱབ་ཁོངས་སུ་གཏོགས་པའི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང་། འབྲེལ་ཡོད་དགེ་རྒན་རྣམ་པ་ཚང་མ་ཕེབས་ཡོད་པ་དང་། སློབ་གྲྭ་ཁག་མང་པོ་ཞིག་ནས་ཕེབས་ཡོད་པ་རེད། ལྷག་པར་དུ་ཁྱེད་རང་ཚོ་རྡ་རམ་ས་ལའི་ཉེ་འགྲམ་དུ་ཡོད་མཁན་ཚོར་དམིགས་བསལ་གྱི་གོ་སྐབས་བཟང་པོ་ཞིག་རག་གི་ཡོད་པ་དང་། སློབ་གྲྭ་གཞན་ཁག་ལ་གོ་སྐབས་དེ་རག་གི་ཡོད་པ་མ་རེད། སྡིངས་ཆ་གལ་ཆེན་པོ་འདི་བེད་སྤྱོད་བཏང་བའི་ཐོག་ནས་སློབ་གྲྭ་གཞན་པ་ཚོར་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བཞག་པ་དེ་འོད་སྡེར་དང་། དྲ་རྒྱ་བརྒྱུད་ནས་སློབ་གྲྭ་ཁག་ལ་དམིགས་སུ་བཀར་ནས་འདོན་འགྲེམ་ཐུབ་པ་བྱུང་བ་ཡིན་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག དེ་རིང་དངོས་སུ་ཕེབས་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་སློབ་མ་ཁག་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་རྣམ་པ། དེ་མིན་གྱི་གཙུག་ལག་སློབ་གཉེར་ཁང་ནས་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་མང་པོ་ཞིག་ཕེབས་བསྡད་ཡོད་ས་རེད། ཚང་མ་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

 

རྒྱ་གཞུང་གིས་དུས་རྟག་ཏུ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མཛད་དཀའ་སྤྲོད་ཀྱི་ཡོད།

 

ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་ ༥༥ ཙམ་འགྲོ་བཞིན་པ་དང་། རྒྱ་ནག་གི་བཙན་འོག་ཏུ་ཚུད་ནས་ལོ་ངོ་དྲུག་ཅུ་རེ་གཉིས་རེ་གསུམ་ཞིག་འགྲོ་བསྡད་ཀྱི་ཡོད། དེས་ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ལ་དཀའ་ངལ་སྣ་ཚོགས་མང་པོ་ཞིག་འཕྲད་བསྡད་ཀྱི་ཡོད་པ་རེད། དེ་སྔ་ཡང་འཕྲད་ཡོད་པ་རེད་ལ་མ་འོངས་པར་ཡང་འཕྲད་ཀྱི་རེད། ཁོ་འགྲོ་སྟངས་ཤིག་རེད། ཡིན་ནའང་ཕྱིས་སུ་ལོ་བཅུ་བཅོ་ལྔ་ནང་ལ་ང་ཚོ་བོད་དོན་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་གླེང་ཡོང་སྐབས། ལྷག་པར་དུ་རྒྱལ་སྤྱིའི་ནང་དུའང་རང་བཞིན་གྱི་རྒྱ་ནག་གི་གནོན་ཤུགས་ཤུགས་ཆེན་པོ་ཞིག་ཡོད་པ་ང་རང་ཚོ་ཚང་མས་མཁྱེན་མཁྱེན་པ་རེད། འོན་ཀྱང་གལ་ཆེན་པོ་ཡིན་པ་སོང་ཙང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཕྱོགས་གང་དུ་ཆིབས་བསྒྱུར་གནང་བ་ཡིན་ནའང་། རྒྱ་ནག་གཞུང་ངོས་ནས་དེའི་ལྡོག་ཕྱོགས་ཀྱི་ངོ་རྒོལ་བྱེད་རྒྱུ་ཡིན་ནའང་རེད། བསྒྲགས་གཏམ་སྤེལ་རྒྱུའི་རིགས་མང་པོ་ཞིག་ཡོོང་བསྡད་ཀྱི་ཡོད་པ་རེད། འདི་ཚོའི་རྐྱེན་པས་ཁག་ཅིག་ལ་ཁོ་ཚོའི་བྱེད་སྟངས་དེས་དོན་དག་གྲུབ་ཀྱི་ཡོད་པའི་རྣམ་པ་ཞིག་ཀྱང་ཐོན་གྱི་ཡོད་པ་རེད། ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྣེ་ལེན་ཞུ་རྒྱུས་མཚོན་པའི་གནད་ཡོད་མི་སྣ་ཚོས་༸སྐུ་མདུན་མཇལ་རྒྱུར་དོགས་ཟོན་བྱེད་མཁན་དེ་འདྲའང་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། དེ་ཚོ་ཁྱེད་རང་ཚོས་ནམ་རྒྱུན་ནས་གོ་བསྡད་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། ༸རྒྱལ་བ་རིན་པོ་ཆེས་བཀའ་གནང་གི་ཡོད་པ་ལྟར། ང་ཚོས་དུས་རྒྱུན་དུ་རྩེད་མོ་དང་མཉམ་དུ་བཤད་བསྡད་ཀྱི་ཡོད། དེ་རིང་ཞོགས་པར་ཡང་༸རྒྱལ་དབང་རིན་པོ་ཆེས་བཀའ་གནང་སོང་། ང་༸རྒྱལ་བ་རིན་པོ་ཆེ་སྐད་གྲགས་ཆེན་པོ་ཆགས་དགོས་རྒྱུ་དེ་རྒྱ་ནག་གུང་བྲན་ཏང་གི་བཀའ་དྲིན་རེད་ཅེས་གསུངས་པ་ནང་བཞིན། ང་རང་ཚོ་བོད་པ་རང་གི་དངོས་སུ་བོད་དོན་ཁྱབ་བསྒྲགས་བྱ་རྒྱུར་འགྲོ་བ་ཡིན་ན། དེ་ཙམ་གྱིས་ཁྱབ་བསྒྲགས་ཡོང་གི་ཡོད་དང་མེད་ཟེར་བ་དེ་གནས་ཚུལ་གཅིག་རེད། ཡིན་ནའང་རྒྱ་ནག་གིས་ངོ་རྒོལ་རེ་རེ་བྱེད་ཡོང་སྐབས། ཡང་རྒྱལ་སྤྱིའི་ཚགས་པར་ནང་དུ་མང་པོ་ཐོན་ཡོང་བ་དང་། བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་དེ་ཡང་རྒྱ་ནག་རང་གིས་སྤེལ་གྱི་ཡོད་པའི་བཟོ་འདྲ་ཞིག གང་ལྟར་རྒྱ་ནག་གིས་ངོ་རྒོལ་བྱས་པ་དེས་བོད་པའི་གནད་དོན་དེ་འཛམ་བུའི་གླིང་གི་ནང་ལ་རྒྱ་ཆེ་རུ་འགྲོ་རྒྱུ་དང་། གང་ལྟར་དོན་དག་གང་འདྲ་ཞིག་ཡིན་ནའང་ལྟ་ཕྱོགས་མི་འདྲ་བ་མང་པོ་ཞིག་ཡོོད་པ་སོང་ཙང་། གནད་དོན་འདི་འདྲའི་རིགས་ཡོང་གི་ཡོད་པ་རེད། གཞན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་དང་འཛིན་སྐྱོང་གི་སྐུ་དབང་གཉིས་ཀ་རྩིས་སྤྲོད་གནང་ནས། ད་ལྟ་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ཞིག་ཡོད་པ་རེད། དེ་བཞིན་མི་མང་གི་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཤིག་ཀྱང་ཡོད་པ་རེད། ང་ཚོ་ལྟ་བུ་ཞིག་ཡིན་ཀྱང་ཕྱི་རྒྱལ་ལ་ཕྱིན་པའི་སྐབས་སུ་ཡིན་ནའང་མི་སྣ་མཇལ་འཕྲད་དེ་ཚོར་དོ་ཕོག་གཏོང་རྒྱུ་དང་རྨས་སྐྱོན་བཟོ་རྒྱུའི་ལས་གཞི་མང་དག་ཅིག་རྒྱ་གཞུང་གིས་སྤེལ་བསྡད་ཀྱི་ཡོད་པ་རེད། ང་རང་རང་ཉིད་སྒེར་གྱི་ཉམས་མྱོང་ཐོག་ནས་ཤེས་གསལ་ལའང་ཕྱི་ལོ་ ༢༠༠༥ ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་དེ་གོ་སྒྲིག་ཞུ་རྒྱུ་དང་། དེའི་སྐབས་ཀྱི་ཚོགས་གཙོ་དང་སྤྱི་འཐུས་ལྷན་ཚོགས་ལ་ལས་འགན་སྤྲད་ནས་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་ཞིག་བྱུང་བ་རེད། ཕྱི་ལོ་ ༢༠༠༥ ལོར་ང་ཚོ་ Scotland ལ་ཚོགས་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༩ ལ་ང་ཚོགས་གཙོ་ཆགས་ཚར་བའི་རྗེས་ལ། Rome ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་དང་། དྲུག་པ་དེ་ཕྱི་ལོ་ ༢༠༡༢ ལོར་ Ottawa ལ་འཚོགས་པ་རེད། Canada ཡིས་རྒྱལ་ས་ལ་རེད། འདི་ཚོ་ཚོགས་པའི་སྡིངས་ཆ་རེ་རེ་རེར་ང་ཚོས་གདན་ཞུ་བྱེད་སའི་གྲོས་ཚོགས་འཐུས་མི་འཛམ་བུའི་གླིང་ནང་དུ་བོད་པར་རྒྱབ་སྐྱོར་བྱེད་མཁན་ག་ཚོད་ཡོད་པ་ཡིན་ནའང་ང་ཚོས་འབྲེལ་བ་ཞུ་རྒྱུ་དེ་ཚོ་ཁོ་ཚོས་དྲ་རྒྱའི་ལམ་ནས་མིང་དང་ཁ་བྱང་རྐུན་མ་རྒྱག་རྒྱུས་མཚོན་པའི་སྔ་མོ་ནས་བོད་པ་ལ་རྒྱབ་སྐྱོར་བྱེད་པ་དང་འབྲེལ་བ་ཡོད་མཁན། འདི་ཚོའི་གྲས་ལ་བཤད་ནས་ཕན་ཐོགས་ཀྱི་མ་རེད་བསམ་ནས་འབྲེལ་བ་མ་བྱས་པ་མ་གཏོགས། ང་ཚོས་འབྲེལ་བ་བྱེད་ས་གསར་པ་ཚང་མར་མི་རེ་རེ་རེ་རེར་ཁ་པར་བཏང་ནས་གཞུང་ཚབ་ལ་སྐད་བཏང་། འདི་འདྲ་བྱས་ནས་གནོན་ཤུགས་མང་པོ་ཞིག་སྤྲད་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་བོད་པའི་ཚོགས་ཆེན་བསྐོངས་བཞག་པ་དེ་ཚོའི་ནང་ག་རེ་བྱས་ནས་འགྲོ་ཡི་ཡོད་དམ་ཞེས་པ་ལྟ་བུ། ཨུ་རུ་སུ་ལྟ་བུར་ཆ་བཞག་པ་ཡིན་ན། ང་ཚོ་བོད་པར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མིའི་ནང་ཡོད་མཁན་དེ་ཚོ་ཁོ་རང་ཚོ་ཆབ་སྲིད་ཚོགས་པའི་ཚོགས་གཙོས་སྐད་བཏང་། རྒྱ་ནག་གཞུང་ཚབ་ངོས་ནས་ཡི་གེ་བཏང་། ཁོ་ཚོ་ཆེད་མངགས་ཕྱི་དྲིལ་ལས་ཁུངས་ནང་ཡར་སྐད་བཏང་ནས་མི་རེ་རེ་རེ་རེར་ཁྱེད་རང་ཚོ་རྡ་རམ་ས་ལར་འགྲོ་ན་འགྲིག་གི་མ་རེད་དོ་ཟེར་བ་སོགས་སྡིགས་ར་སྐུལ་རྒྱུའི་རིགས་ཡན་ཆད་ནས་བྱེད་ཀྱི་འདུག དཔེ་མཚོན་ཙམ་ཞུས་པ་ཡིན་ན། ༢༠༠༤ ལོར་སྦེལ་ཀོབ་ལ་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ་རེད། དེའི་སྐབས་དེར་ང་ཚོ་རྒྱལ་ཁབ་ཁག་མི་འདྲ་བ་ ༡༧ ཙམ་ནས་ཆེས་མཐོའི་མི་སྣ་འགའ་ཤས་ཤིག་གདན་འདྲེན་ཞུས་ནས། དེའི་སྐབས་དེར་ང་ཚོ་ Croatia ནས་ངོ་ཤེས་པ་ཞིག་ཡོད། ཁོང་སྐད་བཏང་བའི་སྐབས་སུ་ང་ཚོ་སྦེལ་ཀོབ་མཛད་སྒོ་དེ་ཚར་བའི་རྗེས་སུ་ང་ཚོ་ཚོགས་འདུ་ཞིག་ཚོགས་པ་རེད། ཚོགས་འདུ་ཚོགས་པའི་རྗེས་སུ་ང་ཚོ་འགྲོ་རན་གྱི་འདུག་ཟེར་དུས། ཁོ་རང་ལ་ཁ་པར་ཐོག་སྐད་ཤུགས་ཆེན་པོ་བྱས་ནས་ཅིག་བཤད་སྡོད་ཀྱི་འདུག རྗེས་སུ་ང་ལ་ལབ་ཀྱི་འདུག Croatia ལ་རྒྱ་ནག་གཞུང་ཚབ་ཀྱིས་ཁྱེད་རང་སྦེལ་ཀོབ་ལ་ག་རེ་བྱེད་རྒྱུར་ཕྱིན་པ་ཡིན་ནམ་ཞེས། འདི་ལྟ་བུའི་མི་རེ་རེ་ཡིན་ནའང་རེད། གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་ནའང་རེད། གྲོས་ཚོགས་དང་ཕྱི་སྲིད་ལས་ཁུངས་ལ་གནོན་ཤུགས་སྤྲོད་རྒྱུ་དང་། སྒྲིག་འཛུགས་ལ་གནོན་ཤུགས་སྤྲོད་རྒྱུ། གང་ཟག་རེ་རེ་རེ་རེ་ལ་དཔེར་ན། ན་ནིང་སྦེལ་ཇམ་ལ་ཕྱིན་པའི་སྐབས་སུ་ Spainish ཡི་གྲོས་ཚོགས་ཀྱི་ཚོགས་གཙོ་དེས་ང་ཚོར་གཅིག་ཐུག་པ་རེད། ང་ཚོ་གཅིག་ཐུག་པའི་སྐབས་དེར་ཁོ་རང་གི་སྒེར་དྲུང་དེར་སྦེལ་ཇམ་གྱི་ཚོང་པ་གཅིག་གི་ཁ་པར་བཏང་ནས་རྡ་རམ་ས་ལ་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་དེར་ཡོང་གི་ཡོད་པ་རེད། ཁྱེད་རང་ཐུག་གི་ཡོད་རེད་ཟེར་གྱི་འདུག ང་ཚོས་གོ་སོང་། དེ་ཐུག་ན་འགྲིག་གི་མ་རེད་དོ།།

འདི་འདྲ་བྱས་པ་ཡིན་ན་སྦེལ་ཇམ་དང་རྒྱ་ནག་གི་དབར་ལ་དོ་ཕོག་འགྲོ་གི་རེད། ང་ཚོའི་སློབ་ཕྲུག་ཚོ་རྒྱ་ནག་ལ་སློབ་སྦྱོང་བྱ་རྒྱུར་འགྲོ་དགོས་ན་ཐོངས་མཆན་རག་གི་མ་རེད། ཚོང་པ་ཚོར་ཡིན་ནའང་དཀའ་ངལ་འཕྲད་ཀྱི་རེད་ཅེས་གང་ལྟར་སྒྲིག་འཛུགས་དང་མི་གང་ཟག་འདི་འདྲའི་བརྒྱུད་ནས་གནོན་ཤུགས་མང་པོ་ཞིག་སྤྲད་སྡོད་ཀྱི་ཡོད་པ་རེད།

 

རྒྱ་གཞུང་དང་དོལ་རྒྱལ་ཁ་ལ་ཁྱེར་མཁན་ཚོའི་དབར་གྱི་འབྲེལ་བ།

 

དེའི་སྒང་ལ་ཐབས་རྡུགས་པ་ཞིག་ལ་ང་རང་ཚོ་བོད་པ་རང་གི་འགན་ཁྱེར་ནས་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་གྱི་མི་དེ་ཚོས་བར་ལམ་ནས་རྒྱལ་སྤྱིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཕྱོགས་གང་དུ་ཆིབས་བསྒྱུར་གནང་བ་ཡིན་ནའང་དེ་ལ་༸རྒྱལ་བ་རིན་པོ་ཆེའི་མཚན་སྙན་གྲགས་ཆེན་པོ་ཞིག་དང་། མཛད་པ་འཕྲིན་ལས་ཆེན་པོ་ཞིག་རྒྱས་ཀྱི་ཡོད་པ་སོང་ཙང་། དེ་ཉམས་དམས་སུ་གཏོང་རྒྱུ་དང་། དེ་རྒྱལ་སྤྱིའི་ནང་མཐོང་ཆུང་དུ་གཏོང་རྒྱུའི་ཆེད་དུ་བོད་པ་འགའ་ཤས་མ་གཏོགས་ཡོད་པ་མ་རེད་ཀྱང་། འགའ་ཤས་དེ་དག་དང་ཕྱི་རྒྱལ་གྱི་མི་སྣ་ནང་ཆོས་རྩ་བ་ཉིད་ནས་མགོ་མ་འཚོས་མཁན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་རྒྱུ་ཕར་བཞག་ནས། དོལ་རྒྱལ་འདྲ་པོ་དམ་སྲི་ཟེར་དགོས་པ་རེད་དམ། ཡང་ན་གདོན་འདྲེ་ཟེར་དགོས་པ་རེད་དམ། གང་ལྟར་ཡང་འདི་འདྲའི་རིགས་ལ་སྐྱབས་བཅོལ་སྡོད་མཁན་གྱི་མི་དེ་དག་གི་སྣེ་འཁྲིད་ནས་ལས་འགུལ་མང་པོ་ཞིག་བརྩམས་དང་རྩོམ་བཞིན་ཡོད་པ་རེད། ན་ནིང་ང་ཨོ་སི་ཀྲོ་ལི་ཡར་ཕྱིན་པའི་སྐབས་སུ་༸སྐུ་མདུན་གྱི་གསུང་ཆོས་གནང་སའི་ཚོགས་ཁང་ཕྱི་ལོགས་དེ་ག་རང་ལ་མང་པོ་དེ་ཙམ་མ་རེད། བོད་པ་གསུམ་ཙམ་མ་གཏོགས། རྒྱ་མི་རིགས་ཀྱི་བཟོ་ལྟ་བུ་མོ་གཟུགས་པོ་ཆུང་ཆུང་བདུན་བརྒྱད་ཙམ་འདུག གང་ལྟར་ཕྲེད་དར་ནང་དུ་༸སྐྱབས་མགོན་རིན་པོ་ཆེ་ཞལ་རྫུན་མ་གནང་རོགས་གནང་ Dalai Lama don’t lie བྱས་ནས་ཕྲེད་དར་ནང་དུ་བྲིས་ཏེ་སྐད་འབོད་བྱེད་སྡོད་ཀྱི་ཡོད་པ་རེད། སྐད་འབོད་བྱེད་པ་ང་རང་རང་གིས་མཐོང་སོང་། འཁྲིས་ལའང་ཕྱིན་པ་ཡིན། ན་ནིང་ལོ་མཇུག་ལ་ New York ལ་ཕྱིན་པའི་སྐབས་སུ། ཡང་ཁོང་ཚོ་སྐད་འབོད་བྱ་རྒྱུ་དང་། སྐད་ཆ་བཤད་རྒྱུའི་སྒྲ་གདངས་ཁོ་རང་བསྒྱུར་ཚར་འདུག བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ལ་བརྒྱུད་སྐུལ་བྱེད་མཁན་༸རྒྱལ་བ་རིན་པོ་ཆེ་རེད་ཟེར་བ་ལྟ་བུ། འདི་འདྲའི་གནད་དོན་རེད། ཆབ་སྲིད་ཀྱི་ངོ་བོ་ཤུགས་ཆེན་པོ་ཞིག་ཐོན་བསྡད་ཀྱི་ཡོད་པ་རེད། ཉེ་བའི་ཆར་ San Francisco ཁ་སང་ང་ཚོ་གནས་ཚུལ་མང་པོ་ཞིག་བྱུང་བ་སྤྱི་ཚོགས་ཀྱི་དྲ་རྒྱའི་ཐོག་ནས་མཐོང་བསྡད་པ་གཅིག་ཆགས་བསྡད་ཡོད་པ་རེད། མང་ཚོགས་ནང་དུའང་སེམས་འཚབ་ཤུགས་ཆེན་པོ་ཞིག་བྱུང་ནས། དེ་རིང་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ལ་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་གཅིག་ཀྱང་བཞག་པ་རེད། བར་ལམ་ནས་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གཏོང་རྒྱུའི་ཐབས་ཤེས་གཅིག་བྱས་བསྡད་ཀྱི་འདུག་ག

ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་མཁན་གྱི་ཚོགས་ཆུང་གི་ངོས་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མང་པོ་ཞིག་ཡོད་པ་རེད་ཀྱང་། ཡིན་ནའང་དེ་རིང་རྒྱལ་བ་རིན་པོ་ཆེ་ལ་དམིགས་བསལ་རང་བྱས་ནས། ལོ་ ༢༥ འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐབས་དེར་ང་ཚོས་ཆེད་མངགས་ནོ་སྦེལ་གྱི་རྒྱལ་ས་ Oslo ལ་ཕྱིན་ནས། ནམ་རྒྱུན་ལས་མང་བ་འགྲོ་སོང་བཏང་ནས་མི་འཁྲིད་ཐུབ་པ་བྱས་ནས། ལས་འགུལ་གྱི་ངོ་བོ་བརྩམ་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ནོ་སྦེལ་གྱི་གཞུང་འཛིན་མི་སྣ་མ་ཐུག་པ་དེ་དག་ལ་ཁོ་ཚོས་དགའ་བསུ་ཞུ་རྒྱུ་ལ་སོགས་པའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་ང་རང་ཚོའི་ངོས་ནས་དེའི་ཐོག་ལ་ཁྱེད་རང་ཚོའི་ནང་ལ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཡོད་པ་མ་རེད། མང་ཚོགས་ནང་དུ་གནས་ཚུལ་དེ་བྱུང་བ་ནས་བཟུང་ཆ་ཚང་གཅིག་གཙང་མ་ཆགས། ད་དུང་ཡིན་ནའང་བླང་དོར་གྱི་གནས་ལ་དབྱེ་འབྱེད་ཕྱེ་མ་ཐུབ་མཁན་མི་བླུན་པོ་མཁྲེགས་པོ་འགའ་ཤས་ཤིག་གི་མུ་མཐུད་ནས་དོལ་རྒྱལ་བསྟེན་སྡོད་མཁན་དེ་འདྲ་ཡོང་བསྡད་ཀྱི་ཡོད་པ་རེད། འདི་ཡོང་གི་ཡོད་དུས་སྤྱི་ཚོགས་ཀྱི་དྲ་བ་ནང་དུ་གནས་ཚུལ་མང་པོ་ཞིག་ཐོན་བསྡད་ཀྱི་ཡོད་པ་སོང་ཙང་། ཁྱེད་རང་ཚོས་གནས་ཚུལ་དེའི་སྐོར་ལ་གོ་རྟོགས་ཏོག་ཙམ་མེད་པ་ཡིན་ན། རྗེས་མ་གཞན་པ་ཚོས་ཤེས་ཡོང་སྐབས་རང་བཞིན་གྱིས་བསླུ་བྲིད་ཀྱི་འོག་ལ་ཚུད་འགྲོ་རྒྱུའི་ཉེན་ཁ་དེ་ཡོད་བསྡད་པ་སོང་ཙང་། དེ་རིང་གོ་སྒྲིག་ཞུ་མཁན་རྣམ་པ་ཚོའི་ངོས་ནས་ཡིན་ནའང་། ང་ཚོགས་གཙོ་ཡིན་པའི་ཆ་ནས་དོལ་རྒྱལ་སྐོར་ལ་བཤད་དགོས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་ཡིན་ནའང་སང་ཉིན་དོལ་རྒྱལ་སྐོར་ལ་ཡང་བསྐྱར་ནན་ཙམ་ཅིག་བཤད་དགོས་པ་གཅིག་དང་། ང་རང་གཉིས་ཀར་བརྗོད་གཞི་གཅིག་པ་བཞག་དགོས་པའི་རྒྱུ་མཚན་དེ་འདི་འདྲ་ཆགས་པ་རེད། ཐོག་མའི་འཆར་གཞི་ལྟ་བུ་བྱས་པ་ཡིན་ན། ད་ལྟའི་སྲིད་སྐྱོང་གིས་ཁྱེད་རང་ཚོར་གསུང་བཤད་གནང་། སང་ཉིན་ང་བཤད་རྒྱུ་བང་སྒྲིག་འདུག ངའི་བསམ་བློའི་ནང་དུ་ཉིན་མ་དང་པོ་དེ་སྲིད་སྐྱོང་གི་གསུང་གི་ཡོད་པ་སོང་ཙང་། སྲིད་སྐྱོང་གི་གནས་ཚུལ་ཞིབ་ཅིང་ཕྲ་བ་ཅིག་མར་བཤད། དེ་ནས་ངའི་སྐབས་ལ་དུས་ཚོད་མང་ཆེ་བ་ཅིག་དེ་དྲི་བ་དྲིས་ལན་ཐོག་ལ་གཏོང་ཐུབ་ན་བསམ་པ་རེད་དེ། ཡང་ཉི་མ་འགའ་ཤས་ཤིག་གི་སྔོན་ལ་འདིར་གོ་སྒྲིག་ཞུ་མཁན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱི་ཞལ་པར་འབྱོར་ནས། དེའི་གོ་རིམ་དེར་འགྱུར་བ་འགྲོ་དགོས་བྱུང་སོང་། སྲིད་སྐྱོང་ཕྱི་ཚེས་ ༤ ལ་ཕེབས་ཐུབ་ཀྱི་མི་འདུག ཁྱེད་རང་སྔོན་ལ་བཤད་ཐུབ་ཀྱི་རེད་དམ་ཞེས་བཀའ་གནང་བ་བཞིན། ངས་དེ་རིང་སྔོན་ལ་བཤད་རྒྱུའི་གནས་ཚུལ་འདྲ་པོ་འདི་ལྟར་རེད།

 

སྐྱབས་འགྲོའི་རྣམ་གཞག

 

སྤྱིར་བཏང་གི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་ང་ཚོས་བཤད་དགོས་ཀྱི་ཡོད་པ་རེད། ཡིན་ནའང་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་མང་པོ་ཅིག་བཤད་པ་ལ། དོལ་རྒྱལ་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཏོག་ཙམ་ཞིག་ཁྱེད་རང་ཚོས་མ་མཁྱེན་པ་ཡིན་ན། དེའི་རྗེས་འབྲས་ཀྱི་གནས་ཚུལ་ག་རེ་ཆགས་ཀྱི་ཡོད་མེད་དང་། དབྱེ་འབྱེད་གང་འདྲ་བྱེད་དགོས་པ་ཡོད་མེད་དེའི་སྐོར་བསམ་བློ་གཏོང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་སོང་ཙང་། དོལ་རྒྱལ་གྱི་བྱུང་རིམ་དང་འབྲེལ་བའི་ཐོག་ནས་ངས་ཆོས་ཕྱོགས་ཐོག་ནས་མང་པོ་ཤེས་ཀྱི་མེད། དགེ་བཤེས་ལགས་རྣམ་པ་ཚོས་མང་པོ་མཁྱེན་གྱི་ཡོད་པ་རེད། ཁྱེད་རང་ཚོ་སློབ་གྲྭ་སོ་སོའི་ནང་དུ་ཡིན་ནའང་ཆོས་དགེ་ཚོས་འགན་བཞེས་ནས་དེའི་སྐོར་ལ་ཏན་ཏན་གསུངས་ཡོད་ཀྱི་རེད། ཡིན་ནའང་ལོ་རྒྱུས་ཀྱི་རྣམ་པའི་ཐོག་ནས་དོལ་རྒྱལ་གྱི་བྱུང་རིམ་རྣམ་པ་ཕྲན་བུ་ཤེས་པ་ཡིན་ན། ཐུགས་ཕན་གསོས་མི་ཡོང་ངམ་སྙམ། དེ་རིང་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་ངོ་སྤྲོད་ནང་དུའང་། ང་རང་ཚོ་ལུང་རྟོགས་ཀྱི་བསྟན་པའི་སྐོར་དེ་དག་བཤད་སྒྲུབ་གཉིས་ཀྱིས་འཛིན་དགོས་པ་དང་། སྐྱབས་འགྲོ་དང་བཅས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་ཡོད་པ་སོང་ཙང་། དེ་ཚོའི་ཐོག་ལ་ང་ལྟ་བུའི་སྐྱེ་བོ་ཐ་མལ་པ་གཅིག་གིས་འགྲེལ་བཤད་མང་པོ་ཞིག་བརྒྱབ་པ་ཡིན་ནའང་ཕན་ཐོགས་གང་ཙམ་ཡོད་དམ་སྙམ། ཡིན་ནའང་ང་ཚོས་གཞི་ལམ་འབྲས་གསུམ་གྱི་ཐོག་ནས་གཞི་བདེན་པ་གཉིས་དང་། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ། འདི་ཚོ་ལ་གཞི་བཅོལ། སྐྱབས་འགྲོའི་རྒྱུ་འདི་ཚོ་ང་ཚོས་ཤེས་པར་བྱས། འཁོར་བ་སྤྱི་དང་ཁྱད་པར་དུ་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ཤིང་སྐྲག་པ་དང་། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་པ་འདིི་སྐྱབས་འགྲོའི་རྒྱུ་རེད། དེ་བཞིན་སྐྱབས་སུ་འགྲོ་བའི་ཡུལ་ལྟ་བུ་ཞིག་ཡིན་ནའང་། སོ་སོ་སོ་སོ་འཇིགས་པ་ཐམས་ཅད་ལས་གྲོལ་བ། གཞན་འཇིགས་པ་ཐམས་ཅད་ལས་གྲོལ་བའི་ཐབས་ལ་མཁས་པ། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ། སོ་སོ་སོ་སོར་ཚུར་ཕན་ཐོགས་ཀྱི་ཡོད་མེད་ལ་མ་ལྟོས་པར། ཐམས་ཅད་ལ་དོན་མཛད་མཁན་གྱི་སྐྱབས་འགྲོའི་ཡུལ་ཞིག་དགོས་པ་དང་། སྐྱབས་སུ་འགྲོ་བའི་ཚུལ་ལྟ་བུ་ཞིག་ཡིན་ནའང་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བ། རིམ་བཞིན་སངས་རྒྱས་སྐྱབས་སྟོན་པ་པོ་དང་། སྐྱབས་དངོས་ཆོས། སྐྱོབ་ནུས་པར་སྙིང་ཐག་པ་ནས་ཁས་བླངས་ནས་སྐྱབས་སུ་འགྲོ་དགོས། ངའི་བཤད་རྒྱུ་གཙོ་བོ་དེ་དེའི་ནང་ནས་སྐྱབས་འགྲོའི་བསླབ་བྱ་དེ་རེད། སྐྱབས་འགྲོའི་བསླབ་བྱའི་ནང་ནས་དགུ་ཤེས་དགོས་ཀྱི་ཡོད་པ་རེད། དེའི་ནང་སྤང་བྱ་གསུམ་དང་། བསྒྲུབ་བྱ་གསུམ། ཆ་མཐུན་གསུམ་བྱས་ནས་བཤད་ཀྱི་ཡོད་པ་རེད། སྤང་བྱ་གསུམ་གྱི་ནང་ནས་ནང་པ་སངས་རྒྱས་པ་གཅིག་ཡིན་པའི་ཆ་ནས་འཁོར་བ་འཁོར་སྡོད་མཁན་གྱི་ལྷ་ཡིན་ནའང་རེད། འདི་ཚོའི་གྲས་ལ་སྐྱབས་བཅོལ་མི་སྲིད་མཁན་ཞིག་དགོས་ཀྱི་ཡོད་པ་དང་། དེ་བཞིན་སོ་སོ་སོ་སོ་འཁོར་བ་ནང་འཁོར་སྡོད་མཁན་འཇིག་རྟེན་འཁོར་བ་ནས་མ་གྲོལ་མཁན་གྱི་ལྷ་དང་འདྲེ་དེ་ཚོར། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཀྱི་ཕྱག་མཆོད་འབུལ་འདི་ཚོ་བྱེད་ཆོག་གི་མ་རེད་ཅེས་དོལ་རྒྱལ་བཤད་པའི་སྐབས་ལ་དོན་གནད་དེ་དང་འབྲེལ་བའི་ཐོག་ནས་གནད་དོན་གཅིག་ཤེས་དགོས་པ་དེ་ཁྱེད་རང་ཚོ་ཧ་ཅང་གལ་ཆེན་པོ་རེད། ལྷ་དང་ཆོས་སྐྱོང་དང་སྲུང་མ་ལྟ་ཕར་བཞག་ནས། དཔེར་ན། སོ་སོ་མི་སྒེར་ལྟ་བུ་ཞིག་ཡིན་ནའང་སོ་སོ་སོའི་ང་ཚོ་འཇིག་རྟེན་གྱི་བྱ་གཞག་ནང་དུ་ཡིན་ནའང་གྲོགས་པོ་ངན་པ་གཅིག་ཐུག་པ་ཡིན་ན། དེས་བསླུས་ཏེ། དང་པོ་གྲོགས་པོ་དེ་ཐུག་པའི་སྐབས་ལ་གྲོགས་པོ་ཆགས་སྟངས་དེ་གྲོགས་པོ་དེས་བྱེད་སྟངས་དེ་མི་འདྲ་བ་ལྟ་བུ་མཐོང་ནས། དེས་བསླུས་གྲོགས་པོ་ཆགས། གྲོགས་པོ་ཆགས་ཚར་བའི་རྗེས་ལ་ཏག་ཏག་ཅིག་མ་བསྟེན་པ་ཡིན་ན། གནས་ཚུལ་འདྲ་མིན་རིགས་ཡོང་གི་ཡོད་པ་བཞིན། ཆོས་སྐྱོང་དང་སྲུང་མ་ཟེར་མཁན་གཅིག བླ་མ་ཡིན་ནའང་ཏག་ཏག་གཅིག་མ་བསྟེན་པ་ཡིན་ན། བླ་མ་གང་བྱུང་མང་བྱུང་བསྟེན་རྒྱུ་ཡོད་པ་མ་རེད་ཅེས་སྐུ་མདུན་ནས་དུས་ནས་དུས་སུ་བཀའ་གནང་གི་འདུག་ག བླ་མ་ཡིན་ནའང་བླ་མ་བསྟེན་པའི་སྐབས་སུ་བླ་མའི་ཡོན་ཏན་ཚང་བ་ཞིག་ལ་བསྟེན་དགོས། དོལ་རྒྱལ་སྐོར་ལ་ལྷ་དང་འདྲེ་དང་དམ་སྲི་དང་། འགོང་བོ་དང་འབྱུང་པོ་བ་སོགས་ཟེར་མིང་མང་པོ་ཞིག་ཡོད་པ་རེད། འདི་ཚོའི་གྲས་དེ་བསྟེན་མི་བསྟེན་ཟེར་བ་དེ་དང་པོ་ནས་དཔྱད་པ་ཡག་པོ་ཞིག་བྱས་ནས་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག སྤྱིར་བཏང་ཆོས་སྐྱོང་ཟེར་མཁན་དེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་གང་ཟག་གང་འདྲ་ཞིག་ཡིན་ནའང་རེད། སྐྱེ་བོ་དམ་པ་གང་འདྲ་ཞིག་ཡིན་ནའང་རེད། འདི་ལ་ཆོས་སྐྱོང་ཟེར་ནས་ལབ་ནའང་འགྲིག་གི་ཡོད་པ་རེེད། ད་ལྟ་སྐབས་སུ་བབ་པའི་ང་ཚོས་ཆོས་སྐྱོང་བཤད་སྡོད་པ་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སངས་རྒྱས་བསྟན་པའི་དམ་ཆོས་དང་། འདི་འཛིན་མཁན་གྱི་སྐྱེ་བོ་འདི་ཚོ་ལ་སྲུང་བར་བྱེད་མཁན་ཚོ་ལ་ཆོས་སྐྱོང་ཟེར་ནས་བཤད་ཀྱི་ཡོད་པ་རེད། མིང་བཏགས་རྒྱུ་དེ་འདི་འདྲ་ཞིག་ཡིན་པའི་སྐད་ཆ་རེད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཟེར་བ་དེ། གཅིག་བྱས་ན་སང་ཉིན་གནངས་ཉིན་དགེ་བཤེས་ལགས་རྣམ་པ་ཚོ་དང་མཉམ་དུ་གོ་བསྡུར་གནང་བའི་སྐབས་སུ། དེའི་དབྱེ་བ་ཕྱེ་བ་དང་། གོ་བསྡུར་གནང་སྟངས་ཐོག་ལ་ཕྲན་བུའི་གཏིང་ཟབ་ཙམ་འགྲོ་ཐུབ་པ་ཡིན་ན། ཁྱད་པར་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག སྲུང་མའི་ནང་ནས་བཀའ་མདོ་རྒྱུད་གཉིས་ལས་བསྟན་པའི་ཡེ་ཤེས་ཀྱི་སྤྱན་ཡོད་མཁན་གྱི་སྲུང་མ་དང་། ཡང་སོ་སོ་སོ་སོའི་ལས་ལས་གྲུབ་པའི་འཇིག་རྟེན་དྲེགས་པའི་སྲུང་མ་རིགས་ཤིག་ཡོད་པ་རེད། གུ་རུ་རིན་པོ་ཆེའི་སྐབས་ལ་ལྷ་དང་འདྲེ་མང་པོ་ཞིག་དམ་ལ་བཏགས། རྡོ་རྗེའི་དཀྱིལ་འཁོར་དུ་དབང་དུ་བསྐུར་ནས། དམ་ལ་བཞག་སྟེ། སྲུང་མར་བསྐོས་བཞག་པ་མང་པོ་ཞིག་ཡོང་བསྡད་ཀྱི་འདུག འདི་ཡིན་དུས་བཀའ་དང་མདོ་རྒྱུད་ལས་གསུངས་བཞག་པའི་ལྷ་ཆོས་སྐྱོང་སྲུང་མ་འདི་ཚོ་ཡིན་པ་ཡིན་ནའང་ང་ཚོས་བརྩི་འོས་པ། ཡང་མིན་ན་རིག་འཛིན་གྱི་སྐྱེས་ཆེན་དམ་པ་ཚོས་དམ་ལ་བཏགས་ནས་དབང་བསྐུར་བཞག་མཁན་དེ་ཡིན་པ་ཡིན་ན། ང་ཚོས་བརྩི་འོས་པ་དང་། དེ་མིན་གྱི་ཆོས་སྐྱོང་སྲུང་མ་དང་ལྷ་དང་རྣམ་པར་དབྱེ་དགོས་བྱུང་བ་ཡིན་ན་མང་པོ་ཞིག་ཡོད་པ་རེད། མིང་ཙམ་ཡང་མར་བཏོན་པ་ཡིན་ན་ཤོག་གྲངས་མང་པོ་གཅིག་ཆགས་པའི་གནས་སྟངས་གཅིག་རང་བཞིན་རེད། འདི་ཚོའི་གྲས་འདི་ང་འདྲ་པོ་ཞིག་ཡིན་ན་ཤེས་ཀྱི་མ་རེད་ཀྱང་། ཡིན་ནའང་རྒྱ་ཆེ་ས་ནས་བལྟས་པ་ཡིན་ན་འདི་འདྲ་པོ་རྣམ་པར་ཕྱེ་ཐུབ་དགོས་པ་དེ་གནད་འགག་ཆེན་པོ་རེད་འདུག གཞན་ཆོས་བརྒྱུད་སོ་སོ་སོ་སོ་ལྟ་བུ་ཞིག་ཡིན་ན། དཔེར་ན་རྙིང་མ་ལྟ་བུ་ཡིན་ན། སོ་སོ་སོའི་སྲོལ་གཏོད་མཁན་ཚོས་སྲུང་མ་འདི་དག་ཡོད་པ་རེད། དཔེར་ན། སྔགས་སྲུང་ཨེ་ཀ་ཛ་ཏི་ཟེར་བ་དང་། ཁྱབ་འཇུག་ར་ཧུ་ལ་དང་། དམ་ཅན་རྡོ་རྗེ་ལེགས་པ། འདི་འདྲའི་རྙིང་མ་སྤྱིའི་སྲུང་མ་བརྩི་རྒྱུའི་རིགས་ཡོད་པ་རེད། ས་སྐྱ་ལྟ་བུ་ཞིག་ཡིན་ན། གུར་མགོན་ལྕམ་དྲལ་ལྷ་རྒྱལ། མགོན་པོ་ཕྱག་བཞི་པ་དང་། ནོར་སྐྱོང་དུར་བདག་ཡབ་ཡུམ་ཟེར་བ་ལྟ་བུ་ས་སྐྱ་པའི་སྲུང་མར་བརྩི་བསྡད་རྒྱུ། བཀའ་བརྒྱུད་པ་འདྲ་པོ་ཡིན་ན། དཔལ་མགོན་ཕྱག་བཞི་པ་དང་མགོན་པོ་བེར་ནག་ཅན། ཚེ་རིང་མཆེད་ལྔ་ལྟ་བུ་རེད། དགེ་ལུགས་ནང་དུ་ཡིན་ན། ཆོས་སྐྱོང་ནང་བརྩི་བསྡད་རྒྱུ་ཡི་དམ་གྱི་ཚུལ་དུ་མགོན་པོ་ཕྱག་དྲུག་དང་དམ་ཅན་ཆོས་ཀྱི་རྒྱལ་པོ་དེ་གཉིས་གཙོ་བོ་བྱས། རྒྱལ་ཆེན་རྣམ་སྲས་བཅས་སྐྱེ་བུ་གསུམ་གྱི་སྲུང་མ་གསུམ་ཞེས་བརྩི་སྲོལ་ཡོད་པ་རེད། རིམ་པ་འདྲ་པོ་ངས་ཁྱེད་རང་ཚོར་བཤད་ན་བསམ་པ་རེད།

 

དོལ་རྒྱལ་གྱི་བྱུང་རིམ།

 

དོལ་རྒྱལ་ཟེར་བའི་གནས་ཚུལ་དེ། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་ནས་བྱུང་བའི་གནས་སྟངས་ཤིག་རེད། ཁྱེད་རང་ཚོས་ཞིབ་ཅིང་ཕྲ་བ་ལྟ་དགོས་ཀྱི་ཡོད་པ་ཡིན་ན། རི་བོ་དགེ་ལྡན་པའི་དེབ་བཏོན་བཞག་པ་འདི་འདྲ་ཡོད་པ་རེད། མདོ་སྨད་ཆོལ་ཁའི་ངོས་ནས་དོལ་རྒྱལ་གྱི་བྱུང་རིམ་དང་གནས་ཚུལ་འདི་ཚོའི་སྐོར་ལ་བཏོན་བཞག་པ་དེ་འདྲ་ཡོད་པ་རེད། སྒེར་གྱི་དེབ་བཏོན་བཞག་པ་འདི་འདྲའང་ཡོང་གི་འདུག ཁྱེད་རང་ཚོས་དོ་སྣང་བྱས་ནས་འདི་ཚོ་ཕར་ཀློག་པ་ཡིན་ན། རིམ་པས་ཞིབ་ཅིང་ཕྲ་བའི་ཐོག་ནས་མཁྱེན་རྒྱུ་ཞིག་རེད། ༸རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་སུ་གཟིམ་ཁང་གོང་འོག་ཟེར་བ་ཞིག་ཡོང་བསྡད་ཀྱི་ཡོད་པ་དང་། གཟིམ་ཁང་འོག་དེ་ད་ལྟ་ང་ཚོས་བཤད་བསྡད་པའི་དགའ་ལྡན་ཕོ་བྲང་ཟེར་བ་དེ་རེད། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་བཞུགས་སའི་སྔོན་མའི་བཞུགས་ཁང་དེ་ལ་དགའ་ལྡན་ཕོ་བྲང་དང་། གཟིམ་ཁང་འོག་མ་ཟེར་ནས་བཤད་བསྡད་པ་གཅིག་ཆགས་བསྡད་ཀྱི་འདུག གཟིམ་ཁང་གོང་མ་ཟེར་བ་དེ་དེའི་སྐབས་ལ་གཙང་པའི་སྣེ་གདོང་སྐུ་ངོས་ཀྱིས་ཕུལ་བཞག་པའི་འབྲས་སྤུངས་རྡོ་ཁང་སྔོན་པོ་ཟེར་བ་ཞིག་ཡོད་པ་དེ་རྒྱལ་བ་རིན་པོ་ཆེར་ཕུལ། ༸རྒྱལ་བ་རིན་པོ་ཆེས་དེའི་སྐབས་ཀྱི་སློབ་མ་༸པན་ཆེན་བསོད་ནམས་གྲགས་པ་ལ་མར་གནང་ནས། ༸པན་ཆེན་བསོད་ནམས་གྲགས་པ་ལགས་ཀྱི་སྐུ་སྐྱེ་ཡང་སྤྲུལ་ཚང་མ་བཞུགས་ཁང་དེར་བཞུགས་པ་དང་། ས་ཆའི་གནས་བབ་ཀྱི་ཐོག་ནས་དབྱེ་བ་ཕྱེ་ནས་མིང་བཏགས་པ་ཞིག་རེད། དེའི་སྐབས་སུ་ཆབ་སྲིད་ཀྱི་གནས་སྟངས་ལྟ་བུ་ཡིན་པ་ཡིན་ན། སྡེ་པ་གཙང་པའི་གཞུང་ཟིན་པའི་སྐབས་དེར་ཆོས་བརྒྱུད་ནང་ལོགས་ལའང་གནས་ཚུལ་མི་འདྲ་བ་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། སྡེ་པ་གཙང་པའི་སྐབས་ལ་བཀའ་བརྒྱུད་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་བྱས། དགེ་ལུགས་ལ་དམ་པོ་ཞིག་བྱས་ནས་དེའི་སྐབས་ལ་གནས་ཚུལ་མང་པོ་ཞིག་དང་། ཡང་སོག་པོས་རྒྱབ་སྐྱོར་བྱས་ནས་དབུས་དང་གཙང་བར་དུ་མ་མཐུན་པའི་ཆབ་སྲིད་ཀྱི་དབང་ཆའི་ཐོག་ནས་མ་མཐུན་པ་མང་པོ་ཞིག་ཡོང་བསྡད་པའི་དུས་ཚོད་འདི་འདྲ་ཞིག་གི་ནང་དུ་ཆགས་བསྡད་ཀྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་ Candidate སྐུ་ཕྲེང་བཞི་པའི་ Candidate འོས་སྤྲུལ་བཞི་བྱུང་ནས་འོས་སྤྲུལ་བཞིའི་ནང་ནས་གཅིག་དེ་ཡར་ཀླུང་ཉེ་འགྲམ་ནས་ཡིན་པ་དང་། གཅིག་དེ་སྟོད་ལུང་དང་། སྟོད་ལུང་གེ་ཁ་ས་ཟེར་བ་དེ་ནས་གཅིག་དང་། ཉང་པོ་ནས་གཅིག་དང་། འཕྱོངས་རྒྱས་ནས་གཅིག་བྱས་ནས་ཁྱོན་འོས་སྤྲུལ་བཞི་ཐོན་པ་རེད། གེ་ཁ་ས་ནས་ཡིན་པའི་འོས་སྤྲུལ་དེ་མི་ཚང་ཡང་སྟོབས་ཆེན་པོ་གཅིག་ཡིན་པ་དང་། སྟོབས་ཆེན་པོ་ཡིན་དུས་སྐབས་སུ་དེའི་འོས་སྤྲུལ་དེའི་ཨ་མའི་མིང་ལ་ལགས་ཨ་རྒྱལ་ཟེར་ཞིང་། ཨ་མ་ལགས་དེས་སྐབས་དེར་བརྒྱུད་བསྐུལ་འདྲ་པོ་མང་པོ་བྱས་ནས། ང་དེར་ཕྲུ་གུ་ཁོག་ནང་ཡོད་སྐབས་༸རྒྱལ་བ་སྐུ་ཕྲེང་བཞི་པའི་རྣམ་སྤྲུལ་ངའི་འགྲམ་དུ་ཕེབས་ནས་ང་ལ་གནས་ཚང་གཡར་རོགས་གནང་ཟེར་ནས་གསུངས་བྱུང་ཞེས། གང་ལྟར་ཡང་ཁོ་རང་གི་ཕྲུ་གུ་དེ་༸རྒྱལ་བ་སྐུ་ཕྲེང་ལྔ་པའི་ཕྲུ་གུ་ཡིན་པའི་དན་རྟགས་བཏོན་རྒྱུའི་ཆེད་དུ་ཐབས་ཤེས་མང་པོ་ཞིག་བྱས་འདུག ཕྲུ་གུ་དེ་ཕྱིས་སུ་གྲགས་པ་རྒྱལ་མཚན་ཟེར་བ་དེ་ཆགས་བསྡད་ཀྱི་ཡོད་པ་རེད། ༸རྒྱལ་བ་སྐུ་ཕྲེང་ལྔ་པར་ངོས་འཛིན་མ་བྱས་པར་ཐོག་མ་ཉིད་ནས་འཁྲུག་ཐེབས་རྒྱུ་དང་དཀའ་ངལ་འཕྲད་སྟངས་ཀྱི་གནས་སྟངས་ལྟ་བུ་འདི་འདྲ་ཞིག་རེད། གང་ལྟར་ཡང་མཐའ་མ་དེར་འོས་སྤྲུལ་བཞིའི་ནང་ནས་འཕྱོངས་རྒྱས་ནས་འཁྲུངས་པ་དེ་རྒྱལ་བ་ཡོན་ཏན་རྒྱ་མཚོ་མཆོག་གི་ཡང་སྲིད་༸རྒྱལ་བ་སྐུ་ཕྲེང་ལྔ་པར་ངོས་འཛིན་བྱ་རྒྱུ་དེ་༸པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་དེའི་སྐབས་ཀྱི་དགའ་ལྡན་ཁྲི་པ་གཉིས་ཀྱི་ཐག་གཅོད་ངོས་འཛིན་བྱས་པ་རེད། གེ་ཁ་ས་ནས་ཡིན་པའི་མི་ཚང་དེའི་ཕྲུ་གུ་དེ་ངོས་འཛིན་མ་བྱུང་བ་སོང་ཙང་། རྗེས་ལ་ཨུ་ཚུགས་མཐའ་ནན་འདྲ་པོ་ཡར་མར་བྱས་ནས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དེའི་སྔོན་གྱི་གཟིམ་ཁང་གོང་མའི་པན་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་རིམ་པ་བྱས་ནས་ཕེབས་ནས། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་དུ་ངོས་འཛིན་བྱེད་དགོས་ཐུག་པ་རེད་ཟེར་བའི་གནས་ཚུལ་ཞིག་ཡོད་པ་རེད། ༸པན་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གྲགས་པ་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་བྱ་རྒྱུ་འདི་ཡང་འདི་ཡིན་སྙམ་ཟེར་བ་ཞིག་མ་གཏོགས་ཐུགས་ཐག་ཆོད་པའི་ཐོག་ནས་བྱེད་ཐུབ་ཡོད་པ་མ་རེད། གྲགས་པ་རྒྱལ་མཚན་ཁོ་རང་པན་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་ཡིན་པའི་བརྒྱུད་རིམ་གྱི་གནས་སྟངས་དེའང་ཁ་གསལ་པོ་མེད་པའི་གནས་སྟངས་གཅིག་ཆགས། རྒྱལ་བ་སྐུ་ཕྲེང་ལྔ་པ་ལ་ངོས་འཛིན་བྱེད་མི་ཐུབ་པའི་རང་བཞིན་གྱི་གནས་སྟངས་ཤིག་ཆགས་ནས། གང་ལྟར་༸རྒྱལ་བ་སྐུ་ཕྲེང་ལྔ་པ་དང་གཟིམ་ཁང་གོང་མའི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཟེར་བའི་བར་ལ་གནས་སྟངས་མང་པོ་ཞིག་ཡོད་པ་རེད། འདི་དག་ཚང་མ་ང་ཚོ་འདིར་བཤད་བསྡད་པ་ཡིན་ན། ཚར་རྒྱུ་མེད་པ་སོང་ཙང་། འདི་ནས་གྲགས་པ་རྒྱལ་མཚན་གྲོངས་པའི་རྗེས་སུ་ལྟས་ངན་པ་མང་པོ་ཞིག་བྱུང་བ་རེད། དེའི་རྗེས་ལ་གང་ལྟར་རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་ཁོ་རང་བསྙུན་གཞི་བཞེས་པའི་སྐབས་དེར་དང་པོ་དེར་ཕེབས་མ་ཐུབ་པ་རེད། གཉིས་པ་དེར་གཅིག་ཕེབས་དུས། གྲགས་པ་རྒྱལ་མཚན་གྱི་གཟུགས་པོའི་ནང་ལ་འབྱུང་པོ་ཞུགས་ནས་བཅོས་ཐབས་མི་འདུག་གསུངས་འདུག དེའི་རྗེས་གྲགས་པ་རྒྱལ་མཚན་ཉི་མ་བཅོ་ལྔ་བཅུ་དྲུག་གི་རྗེས་ལ་ཤི་བ་རེད། དེང་སང་བཤད་ཚུལ་ལ་རྒྱལ་བ་སྐུ་ཕྲེང་ལྔ་པས་བཀྲོངས་པ་རེད་ཟེར་རྒྱུ་དང་། ཡང་འཁོར་སྡེ་པ་ཚོས་བཀྲོངས་པ་རེད་ཟེར་རྒྱུ་དང་། འདི་འདྲའི་གནས་ཚུལ་གསར་པ་མང་པོ་ཞིག་དོལ་རྒྱལ་བསྟེན་མཁན་ཚོས་བཟོས་ཡོང་གི་ཡོད་པ་རེད། འདི་ཚོའི་གྲས་དེ་བདེན་པ་མ་རེད། གང་ལྟར་གྲགས་པ་རྒྱལ་མཚན་ཁོ་རང་སྨོན་ལམ་ལོག་པ་གཅིག་ཆགས་ནས། གང་ལྟར་ཆུང་དུས་ནས་རྒྱལ་བ་སྐུ་ཕྲེང་ལྔ་པར་ཨ་མ་ལགས་ནས་ཐབས་ཤེས་བྱས་ཀྱང་ཆགས་མ་ཐུབ་པ་དང་། ཁོ་རང་སྐུ་འཚོ་བཞུགས་སྐབས་སུའང་དགའ་ལྡན་ཕོ་བྲང་ལ་མ་དགའ་བ་ཤུགས་ཆེན་པོ་བྱ་རྒྱུ་དང་། འདི་འདྲའི་གནས་ཚུལ་མང་པོ་ཞིག་ཀྱང་བྱུང་ཡོད་པ་རེད། གྲོངས་པའི་སྐབས་སུའང་སྨོན་ལམ་ལོག་ནས་དྲེགས་པ་ལ་སྐྱེས་པའི་གནས་སྟངས་ཡོང་བསྡད་པ་དེ་ངས་ལོ་རྒྱུས་ནང་དུ་ཆ་ཚང་བ་ཞིག་ངས་ཞུ་ཤེས་ཀྱི་མི་འདུག་ལ། དུས་ཚོད་ཀྱང་ཡོད་པ་མ་རེད། སྙིང་བསྡུས་ལྟ་བུ་བཤད་པ་འདྲ་པོ་ཡིན་ན་དེ་རང་རེད་འདུག གཞན་ཁོ་རང་གྲོངས་ཏེ་ཕོ་བྲང་གོང་མའི་ནང་དུ་སྐད་འདྲ་མི་འདྲ་བརྒྱབས་ཀྱི་འདུག་ཟེར་བ་དང་། གཞན་ཡང་སྲི་ཞུགས་འདུག་ཟེར་བའི་གནས་ཚུལ་མང་པོ་ཞིག་ཡོང་བསྡད་ཀྱི་འདུག རྗེས་ལ་ཁོ་རང་གི་གདུང་མཆོད་མཆོད་རྟེན་ནམ་དངུལ་གདུང་མཆོད་རྟེན་དེའི་སྣེ་དེ་སྤོ་དགོས་ཀྱི་འདུག་ཅེས་གནས་ཆུང་ཆོས་རྒྱལ་ཆེན་པོས་ལུང་བསྟན་གནང་ཡོད་པ་རེད་ཀྱང་། གང་ལྟར་དེའི་སྐབས་དེར་དུས་ཚོད་ཏག་ཏག་གཅིག་ལ་སྤོ་མ་ཐུབ་པའི་རྐྱེན་གྱིས་སྡེ་པ་ལའང་གནོད་སྐྱོན་འགའ་བྱུང་། རྗེས་སུ་ཁོ་རང་གི་མཆོད་རྟེན་དེ་མར་བཤིག་ནས་སྤོ་དགོས་བྱུང་བ་རེད། པུར་ཐལ་དེ་ཚོའང་གཙང་པོའི་ཆུའི་ནང་མར་གཡུག་ནས། དོལ་ཟེར་བའི་ས་ཆ་དེར་སླེབས་ཡོང་སྐབས། ༸རྒྱལ་བ་རིན་པོ་ཆེས་ཞི་བའི་ཐོག་ནས་བཅོས་རྒྱུའི་ཐབས་ཤེས་གནང་ནས། ཕ་གིར་ས་ཐིག་གསར་པ་ཞིག་བཟོས་ནས་ཁོ་རང་ཕ་གིར་གནས་ས་འདྲ་པོ་ཞིག་དང་། དེར་དོལ་རྒྱལ་ཟེར་ནས་མིང་བཏགས་དགོས་པའི་རྒྱུ་མཚན་དེ་འདྲ་རེད་ཟེར་བའི་གནས་ཚུལ་ཡོད་པ་རེད། རྗེས་ལ་ཁོ་རང་གི་པུར་ཐལ་དེ་ཚོ་བཤིག་རྒྱུར་སླེབས་སྐབས། ས་ཆ་དེར་གནོད་ཚབས་ཆེན་པོ་འདྲ་བྱུང་ནས། མི་མང་ལ་དཀའ་ངལ་མང་པོ་འཕྲད། འདི་འདྲའི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་རེད། རིམ་པས་དེ་ཚོའི་བརྒྱུད་ནས་དྲག་པོས་བཅོས་དགོས་པའི་གནས་ཚུལ་དེ་འདྲའང་བྱུང་ཡོད་པ་རེད། དྲག་པོས་བཅོས་ཟེར་དུས་སྦྱིན་སྲེག་བསྲེགས་ནས་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱ་རྒྱུ། གང་ལྟར་ལོ་རྒྱུས་ཐོག་ལ་གནས་སྟངས་མི་འདྲ་བ་ཁ་ཤས་ཤིག་འདུག སྦྱིན་སྲེག་བསྲེགས་པའི་སྐབས་ལ་ཚར་བཅད་ནས་མེད་པ་བཟོས་པ་རེད། སྦྱིན་སྲེག་བསྲེགས་པའི་སྐབས་ལ་བཀའ་རྙིང་གི་བླ་མ་ཚང་མ་ཡོད་པ་རེད། གཏེར་བདག་གླིང་པ་དང་འདི་འདྲའི་བླ་ཆེན་མང་པོོ་ཞིག་འཛོམས། ༸རྒྱལ་བ་སྐུ་ཕྲེང་ལྔ་པའི་ཟུར་དཔང་མཛད་པའི་ཐོག་ནས་གནང་སྟེ། དེའི་སྦྱིན་སྲེག་བསྲེགས་དུས་མིའི་ཤ་བསྲེགས་པའི་དྲི་མ་ཁ་ཡི་འདུག་ཟེར་བའི་གནས་ཚུལ་འདི་འདྲའང་མང་པོ་ཞིག་བྱུང་བ་རེད། ཡིན་ནའང་གྲགས་པ་རྒྱལ་མཚན་གྲོངས་ནས་ལོ་ ༦༥ ཙམ་ཕྱིན། སྦྱིན་སྲེག་བསྲེགས་ནས་དོལ་རྒྱལ་ཚར་བཅད་པ་རེད་ཟེར་ནས་ལོ་ ༤༦ ཙམ་གྱི་རྗེས་ལ་ཡང་། ལོ་རྒྱུས་ནང་བཤད་རྒྱུར་དོལ་རྒྱལ་བདག་པོ་རྒྱག་མཁན་མེད་པར་འཁྱམ་ཕྱིན་ནས་ས་སྐྱར་སླེབས་པ་རེད་ཟེར་བའི་སྐད་ཆ་དེ་བཤད་ཀྱི་ཡོད་པ་རེད། ས་སྐྱའི་ནང་དོལ་རྒྱལ་བསྟེན་སྲོལ་བྱུང་དང་མ་བྱུང་ཟེར་བ་དེ། མཐའ་མའི་བསྡོམས་འདྲ་བརྒྱབ་པ་ཡིན་ན། དཔེར་ན། ས་སྐྱའི་ནང་དུའང་ ༡༧༡༧ ལོར་ནོར་ཆེན་ཀུན་དགའ་ལྷུན་གྲུབ་ཟེར་བ་ཞིག་གིས་ནོར་གྱི་ངོས་བསྟེན་སྲོལ་ཞིག་ཡོད་པ་དང་། འདིའི་ལོ་ ༤ རྗེས་ལ་ས་སྐྱ་བདག་ཆེན་བསོད་ནམས་རིན་ཆེན་འགྲམ་དུ་དོལ་རྒྱལ་ཡོང་ནས། ལྟས་ངན་པ་རིགས་མང་པོ་ཞིག་བྱུང་། དོལ་རྒྱལ་གྱི་ལག་པར་ཁྲག་ཐོན་པའི་རྨི་ལམ་བཏང་བ་དང་། འདི་འདྲའི་གནས་ཚུལ་རིགས་བྱུང་སྟེ། ཁྱེད་རང་སུ་ཡིན་ནམ་ཟེར་དུས། ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཟེར་ནས། དོལ་རྒྱལ་གྱིས་འདི་ལབ་པ་རེད། འདི་ཡང་ཁོ་རང་རང་གི་ལབ་པ་རེད་མ་གཏོགས་ང་དགེ་ལྡན་པའི་ཆོས་སྐྱོང་ཡིན་ཞེས་ལབ་ཡོད་པ་མ་རེད། བྱས་ཙང་ས་སྐྱ་ནང་བསྟེན་གསོལ་གྱི་མགོ་བཙུགས་པ་རེད་ཟེར་ནས་བཤད་སྲོལ་འདུག ད་ལྟའི་ས་སྐྱ་གོང་མ་ས་སྐྱ་བདག་ཁྲི་རིན་པོ་ཆེར་བཀའ་འདྲི་ཞུས་པའི་སྐབས་སུ་གོང་མ་རིན་པོ་ཆེས་ཀྱང་དེ་གསུང་གི་འདུག་གཱ སྔོན་མ་ ༡༩༩༦ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་བཞག་པའི་རྗེས་ལ་གོང་མ་རིན་པོ་ཆེས་སྤྱི་འཐུས་རྒྱུན་ལས་ལ་ཕྱག་བྲིས་ཤིག་ཀྱང་གནང་ཡོད་པ་རེད། ཕྱིས་སུ་གོང་མ་རིན་པོ་ཆེས་བཀའ་སློབ་གནང་བཞག་པ་དེ་ཚོ་དེང་སང་ཁྱེད་རང་ཚོས་བརྙན་འཕྲིན་གྱི་ཐོག་ནས་མཇལ་རྒྱུ་ཡོད་པ་དེ་འདྲ་རེད། གང་ལྟར་ས་སྐྱའི་ནང་དུ་སྒེར་སོ་སོས་བསྟེན་བཞག་པ་འགའ་ཤས་ཤིག་བྱུང་ཡོད་པ་མ་གཏོགས། ས་སྐྱ་སྤྱིའི་ཆོས་ལུགས་ཀྱི་ཐོག་ནས་སྲུང་མར་ངོས་འཛིན་བྱས་བཞག་པ་རྩ་བ་ཉིད་ནས་བྱུང་ཡོད་པ་མ་རེད་ཅེས་རིན་པོ་ཆེས་བཀའ་གནང་རྒྱུ་དེ་གནང་གི་འདུག་ག ལྷག་པར་དུ་ད་ལྟའི་ས་སྐྱ་བདག་ཁྲི་རིན་པོ་ཆེས་ཡོངས་འཛིན་རྣམ་པ་ཚོ་ཡིན་པ་ཡིན་ནའང་། དཔེ་མི་སྲིད་པའི་དོལ་རྒྱལ་ཐོག་ལ་དམ་བསྒྲགས་གནང་ནས། ས་སྐྱའི་ནང་དུ་ཕལ་ཆེར་དོལ་རྒྱལ་བསྟེན་མཁན་མེད་པ་དང་། སྲོག་གཏད་རིགས་རྩ་བ་ཉིད་ནས་ཞུས་མ་མྱོང་བའི་གནས་སྟངས་ཤིག་གསུང་གིན་འདུག འདི་ནས་ས་སྐྱའི་ནང་དུ་གལ་སྲིད་དགོན་ཁག་ཆུང་ཆུང་ནང་དུ་བསྟེན་མཁན་ཡོད་ན། འདི་ཚོའི་གྲལ་དེ་དམའ་པོ་དམའ་པོ་ཞིག་མ་གཏོགས། སྲུང་མའི་གྲངས་ཀ་ནང་དུ་བརྩི་ཡི་མེད་པའི་གནས་སྟངས་དེ་ད་ལྟའི་ས་སྐྱ་བདག་ཁྲི་རིན་པོ་ཆེས་བཀའ་ནན་པོ་གནང་གི་ཡོད་པ་རེད་ལ། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་ ༡༩༧༨ ལོར་མང་ཚོགས་ལ་སྤྱི་ཡོངས་ཀྱི་གསལ་བསྒྲགས་གནང་བའི་རྗེས་སུ་ས་སྐྱའི་ནང་གཅིག་ཀྱང་མེད་ཟེར་ནས་བཤད་པ་ཡིན་ནའང་འགྲིག་གི་རེད་ཅེས་གསུངས་བསྡད་ཀྱི་འདུག རྗེས་རྗེས་སུ་ས་སྐྱའི་བླ་མ་འདི་ཚོས་དོལ་རྒྱལ་ཟེར་དུས། ཕལ་ཆེར་གཏོར་རྒྱག་རྒྱག་རྒྱུ་ཡིན་པའི་གནས་སྟངས་ལ་འགྱུར་ཡོད་པ་རེད་ཟེར་ནས་བཀའ་གནང་རྒྱུའི་གནས་སྟངས་འགའ་བྱུང་ཡོད་པ་རེད། ཆོས་བརྒྱུད་མི་འདྲ་བའི་ནང་དུ་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་སྐོར་ལ་བཤད་ཡོང་སྐབས། ས་སྐྱ་ནང་དུ་གནས་ཚུལ་ཕྲན་བུ་བྱུང་བ་རེད་ཀྱང་། དེང་སང་ལྟ་བུ་ཡིན་ན། གནས་ཚུལ་ཆ་ཚང་གཙང་རྐྱང་ཆགས་བསྡད་ཡོད་པ་རེད། རྙིང་མའི་ནང་དུའང་བསྟེན་མཁན་མེད་པ་དང་། བཀའ་བརྒྱུད་ནང་དུའང་བསྟེན་མཁན་མེད་པ། འདིའི་རྗེས་སུ་བར་ལམ་ནས་རི་བོ་དགེ་ལྡན་པའི་ནང་དུ་ཕྲན་བུའི་བསྟེན་མཁན་སླེབས་ནས། ༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བྱས་ནས་གང་ལྟར་ཕྱི་ལོ་ ༡༩༧༦ ནས་དམ་བསྒྲགས་མཛད་ནས། དགའ་ལྡན་ཁྲི་པ་རིམ་བྱོན་ནས་བྱས་ནས་དམ་བསྒྲགས་མཛད། བླ་ཆེན་རྣམ་པས་དམ་བསྒྲགས་མཛད་པས་གནས་ཚུལ་མང་པོ་ཞིག་ཡོད་པ་རེད། ཡང་བསྐྱར་དོལ་རྒྱལ་ཕྲན་བུ་དར་རྒྱུའི་གནས་ཚུལ་བྱུང་རྒྱུ་དེ། དུས་རབས་ ༡༩ པའི་རྗེས་དང་དུས་རབས་ ༢༠ པའི་འགོ་སྟོད་ལབ་དགོས་སམ། གང་ལྟར་བཅུ་ཕྲག་གཉིས་པའི་ནང་དུ་བྱུང་བཞག་པའི་གནས་ཚུལ་རེད། འདི་ཡང་སྐྱབས་རྗེ་ཕ་བོང་ཁ་དང་འབྲེལ་བ་ཡོད་པའི་གནས་ཚུལ་མང་པོ་ཞིག་གསུང་རྒྱུ་ཡོད་པ་རེད། སྐྱབས་རྗེ་ཕ་བོང་ཁ་ལྟ་བུར་མཚོན་ན། ལམ་རིམ་བརྒྱུད་པའི་བླ་མ་ཆེན་པོ་ཞིག་རེད། ལམ་རིམ་གྱི་ཐོག་ལ་གསུང་ཆོས་གནང་དགོས་བྱུང་བ་ཡིན་ན། དེའི་སྐབས་སུ་སྐྱབས་རྗེ་ཕ་བོང་ཁ་ནང་བཞིན་བྱུང་མེད་པའི་གནས་ཚུལ་དེ་འདྲའང་ཡོད་པ་རེད། སྤྱིར་བཏང་གི་བླ་མ་ཆུང་ཆུང་ཞིག་ཡིན་པ་གང་ཞིག་ལ། གཞན་ཡང་སྐྱབས་རྗེ་ཕ་བོང་ཁའི་ཡང་སྲིད་འཚོལ་སྟངས་སྐོར་ལའང་གནས་ཚུལ་འགའ་ཤས་ཤིག་ཡོད་པ་རེད་ཀྱང་། ད་ལྟ་དུས་ཚོད་མང་པོ་མེད་སྟབས་ཞུ་མི་དགོས་པ་བྱས། ཡིན་ནའང་སྐྱབས་རྗེ་ཕ་བོང་ཁ་སྐུ་ཆུང་དུས་ནས་ཆོས་མཆོད་བཟང་བ་དང་། འཆད་རྩོད་རྩོམ་གསུམ་གང་ཅིའི་ཐད་ལ་མཁས་པ་ཆེན་པོ་ཞིག་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ངོས་ནས་ཀྱང་དཔེ་མི་སྲིད་པའི་གཟིགས་སྐྱོང་ཆེན་པོ་གནང་ནས། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལམ་རིམ་གསུང་ཆོས་གནང་བའི་སྐབས་སུ་སྐྱབས་རྗེ་ཕ་བོང་ཁ་དེའི་སྐབས་སུ་ཕྲན་བུའི་བསྙུན་བསྡད་ཡོད་པ་དང་། གྲལ་གྱི་མཐའ་ཞིག་ལ་ཡོད་པ་བྱས། ལམ་རིམ་གནང་གིན་གནང་གིན་ལ་གྲལ་གྱི་མགོ་ལ་ཡར་བསླེབས་ནས། གང་ལྟར་རྒྱལ་བ་རིན་པོ་ཆེས་གཟིགས་སྐྱོང་ཆེན་པོ་གནང་བའི་ལོ་རྒྱུས་མང་པོ་ཞིག་གསུང་རྒྱུ་འདུག སྐྱབས་རྗེ་ཕ་བོང་ཁ་ལྟ་བུ་ཡིན་ན། སྐུ་སྟོད་འདྲ་པོ་ཡིན་ན་རིས་མེད་རང་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་མ་གཞན་པ་ཚོ་བསྟེན་རྒྱུ་དང་། ལྷག་པར་དུ་གུ་རུ་རིན་པོ་ཆེར་མཐོང་དང་བརྩི་འཇོག་ཆེན་པོ་ཡོད་པ། འདི་འདྲའི་གནས་ཚུལ་བཤད་རྒྱུ་ཡོད་པ་རེད་དེ། སྐུ་ཚེའི་སྨད་ལ་དོལ་རྒྱལ་གྱི་གནས་ཚུལ་དེ་བྱུང་བའི་རྐྱེན་བྱས་ནས་བླ་མས་དྲེགས་པ་གདོན་འདྲེ་འདི་འདྲ་ཞིག་བསྟེན་པ་སོང་ཙང་། བར་ཆད་མང་པོ་ཞིག་བྱུང་བའི་གནས་ཚུལ་བྱུང་ཡོད་པ་རེད། ཁྱེད་རང་ཚོ་དོལ་རྒྱལ་གྱི་གནས་ཚུལ་སྐོར་ལ་ཕྲན་བུའི་གོ་ཡོད་ན་སྲོག་གཏད་ཟེར་གྱི་འདུག་གཱ འདིའི་སྔོན་ལ་དོལ་རྒྱལ་གྱི་སྲོག་གཏད་ཟེར་བའི་སྐོར་ལ་ཡོད་པའི་གནས་ཚུལ་གང་ཡང་འཁོད་མི་འདུག རྗེས་སུ་སྲོག་གཏད་ཟེར་བ་དེ་སྐྱབས་རྗེ་ཕ་བོང་ཁའི་སྐབས་ནས་བྱུང་སྟེ། སྲོག་གཏད་ཟེར་བ་དེ་སྐྱེ་བོ་དམ་པ་དེ་ཚོའི་ལྷ་དང་འདྲེ་དང་གདུག་པ་ཅན་དེ་ཚོའི་རིགས་དེ་དག་གི་ཁོ་ཚོ་ཚུར་དམ་ལ་བཏགས་ནས། དབང་བསྐུར་ནས་ཁོ་ཚོའི་སྲོག་དེ་ཚུར་བླངས་ནས་སྲོག་གཏད་ཟེར་ནས་ཞུ་ཡི་ཡོད་པ་རེད། འདྲེ་དང་འབྱུང་པོ་འདི་ཚོའི་སྲོག་ཚུར་གཏད་ཀྱི་ཡོད་པ་རེད་མ་གཏོགས། ད་ལྟའི་ཆར་སྲོག་གཏད་ཟེར་སྐབས་བླ་མའི་སྲོག་ཕར་དོལ་རྒྱལ་ལ་གཏད་ནས། རྗེས་འཇུག་པ་དེ་ཚོ་ཡིན་ནའང་ཕར་དོལ་རྒྱལ་ལ་གཏད་ནས་སོ་སོའི་སྲོག་དེ་ཕར་སྤྲད་བཞག་གི་ཡོད་དུས་མ་འོངས་པར་སྐྱེ་བ་ལེན་རྒྱུ་མེད་པ་དང་དོལ་རྒྱལ་རང་གི་འཁོར་ནང་དུ་ཚུད་ནས་ལྷུང་བསྡད་རྒྱུའི་ཉེན་ཁ་ཡོད་པ་རེད། སྲོག་གཏད་ཟེར་རྒྱུ་དེའང་དེའི་སྔོན་ལ་མ་བྱུང་བ། ཕྱིས་སུ་བྱུང་བཞག་པ། སྐྱབས་རྗེ་ཕ་བོང་ཁ་དང་དོལ་རྒྱལ་དང་འབྲེལ་བའི་སྐོར་ལ་སྐད་ཆ་བཤད་ཡོང་སྐབས། ཡང་དྭགས་པོ་རིན་པོ་ཆེ་དང་སྐད་ཆ་གཅིག་ཀྱང་ཡོང་བསྡད་ཀྱི་འདུག ཕྱི་ལོ་ ༡༩༡༥ ཙམ་ལ་དྭགས་པོ་སྐལ་བཟང་མཁས་གྲུབ་དང་སྐྱབས་རྗེ་ཕ་བོ་ཁ་པ་འབྲེལ་བ་བྱུང་བའི་ཐོག་ནས་བྱུང་བ་རེད། ཡིན་ནའང་དྭགས་པོ་སྐལ་བཟང་མཁས་གྲུབ་རིན་པོ་ཆེས་དོལ་རྒྱལ་ཟེར་བ་དེ་སྒོ་སྲུང་ལ་བཞག་པ་མ་གཏོགས། སྲུང་མ་གཙོ་བོར་བསྟེན་ཡོད་པ་མ་རེད། སྐྱབས་རྗེ་ཕ་བོང་ཁ་ལ་ག་དུས་ཡིན་ནའང་དོལ་རྒྱལ་གྱིས་བསླུ་བྲིད་ནས་ཁོ་རང་ཆུང་ཆུང་ཡིན་སྐབས་ནས་ཁོ་རང་གི་བསུ་མ་འམ་སྲུང་མ་ལ་དོལ་རྒྱལ་གཅིག་ཡོད་པ་རེད། ཁོ་ཚོ་ནང་མི་ཚོས་ཁྱོད་རང་སུ་ཡིན་ནམ་ཟེར་ནས་སྐད་ཆ་དྲིས་སྐབས། ཁྱེད་ང་ངོ་ཤེས་ཀྱི་མེད་དམ་ཟེར་ནས་སྒོ་ལྕག་ཡན་ཆད་གཞུས། སྐྱབས་རྗེ་ཕ་བོང་ཁ་དགུང་ལོ་གཉིས་ཙམ་ཡིན་སྐབས། དེའི་བར་དུ་མ་ཤོང་ནས་དོལ་རྒྱལ་གྱི་རྐང་བཙུགས་ནས་ཡར་རིན་པོ་ཆེ་ཚུར་འཐེན་ནས་བྱམས་པོ་འདྲ་བྱས་ནས་རིམ་པས་བསླུ་བྲིད་མང་པོ་བྱས་པའི་ལོ་རྒྱུས་ཡོད་པ་རེད། ཕྱིས་སུ་ ༡༩༢༠ ཙམ་ནས་སྐྱབས་རྗེ་ཕ་བོང་ཁ་ཡིན་ནའང་དོལ་རྒྱལ་བསྟེན་རྒྱུ་དང་ཁྱབ་སྤེལ་བྱ་རྒྱུའི་ལས་འགོ་འདི་ཚོ་བཙུགས་པའི་རྗེས་སུ་ཡིན་ནའང་། དོལ་རྒྱལ་ལ་གཏོར་འབྲེལ་ཞུ་རྒྱུ་དང་སྲོག་གཏད་ཞུ་རྒྱུ་དང་འདི་ཚོའི་བསྟེན་སྲོལ་ཞུ་རྒྱུའི་རིགས་མང་པོ་ཞིག་དོལ་རྒྱལ་ཁོ་རང་མི་གཞན་གྱི་གཟུགས་པོའི་ནང་ཞུགས་ནས་བླ་མ་ལ་ཞུས་བཞག་པའི་གནས་སྟངས་རྐྱང་རྐྱང་གཅིག་ཡིན་པ་གསལ་པོ་གསལ་རྐྱང་ཞིག་སྐྱབས་རྗེ་ཕ་བོང་ཁ་པའི་ལོ་རྒྱུས་རང་གི་ནང་དུ་རྣམ་ཐར་ནང་དུ་གསལ་ཡོང་གི་འདུག གང་ལྟར་དེ་འདྲའི་གནས་ཚུལ་འདྲ་པོ་མང་པོ་ཡོད་པ་རེད། དེའི་བར་དུ་བར་ཆད་མང་པོ་ཤོར་ནས་གང་ལྟར་སྐྱབས་རྗེ་ཕ་བོང་ཁ་པ་ལམ་རིམ་བརྒྱུད་པའི་བླ་མ་ཆེན་པོ་ཡིན་པ། ལམ་རིམ་ཁྲིད་གནང་གི་ཡོད་པ་དང་། དུས་སྐབས་གཅིག་ལ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དགའ་ལྡན་ཁྲི་པའི་ཚབ་བྱས་ནས་སྐྱབས་རྗེ་ཕ་བོང་ཁ་པ་ལམ་རིམ་ཁྲིད་རྒྱུར་བཏང་གནང་བ་རེད་ཟེར་ནས་འདི་འདྲའི་གཟིགས་སྐྱོང་ཆེན་པོ་ཞིག་གནང་ཡོད་པའི་གནས་ཚུལ་གོ་ཐོས་འདུག གདོན་འདྲེ་འདི་ལ་བསྟེན་ནས་རིན་པོ་ཆེའི་སྐུ་ཚེ་སྨད་ལ་དཔེ་མི་སྲིད་པའི་བར་ཆད་མང་པོ་བྱུང་། དོལ་རྒྱལ་བསྟེན་གསོལ་དེ་ཤུགས་ཆེ་རུ་ཆེན་པོ་ཞིག་བཏང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་འདི་མཁྱེན་པའི་རྗེས་སུ་བཀའ་འགུག་གནང་སྟེ་རྗེས་སུ་སྤང་བླང་བཤགས་བཅོས་ཚང་མ་བྱས་པ་རེད། ཡིན་ནའང་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་པའི་རྗེས་སུ། རྭ་སྒྲེང་རིན་པོ་ཆེའི་འགྲམ་ནས་དགོངས་པ་རག་སྟེ། ༸རྒྱལ་བ་རིན་པོ་ཆེའི་སྐབས་ནས་སྐྱབས་རྗེ་ཕ་བོང་ཁས་ཆོས་ཁྲིད་མི་ཆོག་རྒྱུའི་བཀག་གནང་ཡོད་པ་རེད། ཡིན་ནའང་རྗེས་སུ་རྭ་སྒྲེང་རིན་པོ་ཆེ་རྒྱལ་ཚབ་ཆགས་པའི་རྗེས་སུ་ཁམས་ལ་འགྲོ་ཆོག་རྒྱུའི་བཀའ་འཁྲོལ་སྤྲད་ནས། སྐྱབས་རྗེ་ཕ་བོང་ཁ་ཁམས་ལ་ཕྱིན་ནས་རྙོག་གྲ་མང་པོ་ཞིག་བཟོས་ཡོད་པ་རེད། ཁམས་ནང་དུ་རྙིང་མའི་དགོན་པ་འདི་ཚོའི་ནང་དུ་གུ་རུ་རིན་པོ་ཆེའི་སྐུ་འདྲ་འདི་ཚོ་མར་གཏོར་རྒྱུ་དང་། གཞན་ཡང་རྙིང་མའི་དཔེ་ཆ་འདི་ཚོ་མར་ཆུའི་ནང་དུ་གཡུག་རྒྱུ་དང་། མེར་བསྲེགས་རྒྱུ་ལ་སོགས་པའི་གནས་ཚུལ་མང་པོ་ཞིག་བྱུང་སྟེ། དེའི་སྐབས་སུ་འཇམ་དབྱངས་མཁྱེན་བརྩེ་བློ་གྲོས་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་མདོ་སྨད་ཀྱི་བླ་མ་གཅིག་ལ་ཡི་གེ་བྲིས་ནས་བླ་མ་ཕ་བོང་ཁ་པའི་བླ་སློབ་ཀྱིས་འདི་འདྲ་བྱེད་ཀྱི་འདུག་གོ་ཟེར་ནས། དཔེར་ན། གུ་རུའི་སྐུ་གཏོར་རྒྱུ་དང་། རྙིང་མའི་དཔེ་ཆ་དག་ཆུ་དང་མེར་བསྲེགས་གཏོང་རྒྱུ་ལ་སོགས་པའི་གནས་ཚུལ་མང་པོ་བྱུང་ཡོད། གཞན་ཡང་དོལ་རྒྱལ་ཞུགས་པ་ཡིན་ཟེར་ནས་གྲྭ་པ་མང་པོ་ལ་གནོན་ཤུགས་སྤྲད། གྲྭ་པ་འདི་ཚོས་གྲྭ་པ་གཞན་པ་ཚོར་བརྡུང་བཅུག་ནས་སྐབས་དེར་རྡུང་མཁན་མ་རག་པར་སྐབས་རེར་བུད་མེད་ཡན་ཆད་གླ་དགོས་བྱུང་བ་རེད་ཟེར་ནས་གནས་ཚུལ་མང་པོ་ཞིག་ཁྱབ་པ་རེད། འདི་ཚོའི་བྱེད་སྟངས་ལ་བལྟས་པ་ཡིན་ན། རྗེ་ཙོང་ཁ་པའི་བསྟན་པ་ལ་རྨ་སྦྱོར་ཆེན་པོ་ཞིག་ཡོང་ས་རེད། འདི་ཡིན་པ་སོང་ཙང་ད་ལྟ་མདོ་སྨད་ཀྱི་བླ་མ་དེར་ཁྱེད་རང་གིས་དགག་ཡིག་བརྩམས་ཏེ་བོད་མདོ་དབུས་ཁམས་གསུམ་ཚང་མ་ལ་ཁྱབ་ཐུབ་པ་ཞིག་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོང་ས་རེད་ཟེར་ནས་ཕྱག་བྲིས་ཕུལ་བའི་ལོ་རྒྱུས་བྱུང་ཡོད་པ་རེད། དེར་བརྟེན་གང་ལྟར་དོལ་རྒྱལ་བསྟེན་པ་ཡིན་ན་དོལ་རྒྱལ་དེ་ཁོ་དགེ་ལུགས་པ་གཙང་མ་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་བཟོ་འདྲ་པོ་གཅིག དོན་དག་དེ་ཁོ་རང་རང་གི་དོན་དག་བསྒྲུབས་ནས་བསྡད། དོལ་རྒྱལ་བསྟེན་མཁན་གྱི་བླ་མ་ཚང་མ་ལ་བར་ཆད་བྱུང་བཞག་པ་རྐྱང་རྐྱང་གཅིག་མ་གཏོགས། གྲོགས་དང་འཕྲིན་ལས་སྒྲུབ་རྒྱུ་ཕར་བཞག ཚང་མ་ལ་གྱོང་གུན་ཆེན་པོ་ཞིག་རག་བསྡད་ཡོད་པ་རེད། ༸ཀུན་གཟིགས་པན་ཆེན་དགུ་པ་ལྟ་བུ་ཡིན་པ་ཡིན་ནའང་སྐྱབས་རྗེ་ཕ་བོང་ཁ་པ་དང་ཁོང་གཉིས་ཁམས་ངོས་ལ་ཐུག་ནས། དེའི་རྗེས་སུ་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུའི་ཕ་བོང་ཁའི་བསྐུལ་མ་འདྲ་པོ་བཏབ་ནས། བེད་སྤྱོད་བཏང་སྟེ་རྗེས་སུ་ཕ་བོང་ཁས་བཀྲ་ཤིས་ལྷུན་པོའི་ནང་དུ་ཡང་བསྐྱར་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུའི་གནས་ཚུལ་འདྲ་པོ་མང་པོ་ཞིག་བྱུང་ཡོད་པ་རེད། དེའི་རྗེས་སུ་པན་ཆེན་རིན་པོ་ཆེ་ཡིན་ནའང་བོད་ལ་ཚུར་ལོག་མ་ཐུབ་པ་བྱས་ནས་ཁམས་ཁུལ་ལ་དགོངས་པ་རྫོགས་པའི་གནས་ཚུལ་འདི་འདྲ་བྱུང་བ་རེད། སྐྱབས་རྗེ་ཕ་བོང་ཁ་རང་ཉིད་ཡིན་ནའང་ཁམས་ཀྱི་ཁུལ་ནས་ཕྱིར་གཙང་གི་ཁུལ་དང་དྭགས་པོ་དང་ཀོང་པོ་ཁུལ་ནས་ཡར་ཕེབས་པའི་སྐབས་སུ་ཕྱི་ལོ་ ༡༩༣༨ ཙམ་ལ་ཁྲག་བསྐྱུགས་ནས་དགོངས་པ་རྫོགས་པའི་གནས་ཚུལ་འདི་འདྲའང་ཡོད་པ་རེད། འདི་ནས་མར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་ཡོངས་འཛིན་རེད། འདི་འདྲ་ཡིན་དུས་༸རྒྱལ་བ་རིན་པོ་ཆེའི་ངོས་ནས་དམིགས་བསལ་བཏང་གནང་རྒྱུའི་གནས་ཚུལ་རིགས་བྱུང་བ་རེད། ཡིན་པ་ཡིན་ནའང་ད་ལྟའི་ཡང་སྲིད་ལྟ་བུ་ཡིན་པ་ཡིན་ན། ཁྱོན་ནས་ཁུངས་མ་འཁྱོལ་བའི་གནས་སྟངས་འདྲ་པོ་ཞིག་གི་ནང་ལྷུང་ནས་བསྡད་ཡོད་པ་རེད་པ། འདི་ཚོའི་བྱུང་རིམ་གྱི་གནས་སྟངས་འདི་ཚོའང་རིང་པོ་ཞིག་ཡོད་པ་རེད། བར་ལམ་ཞིག་ནས་ང་ཚོར་གནས་ཚུལ་འདི་ཚོ་ཚང་མ་མཁོ་སྤྲོད་བྱུང་སོང་། བོད་བསྟན་པ་དང་ཆབ་སྲིད་གཉིས་ཀར་གནོད་མཁན་གྱི་འགོང་པོ་ཟེར་ན་འདྲེ། འགོང་པོ་ཟེར་བ་དེ་འདས་པའི་སྐབས་སུ་སོ་སོའི་བླ་མ་དང་དམ་ཚིག་མ་མཐུན་ནས་མཐར་ཤི་ནས་སྐྱེ་བ་གདོན་འདྲེ་ལ་སྐྱེ་བ་ཞིག་ལ་འགོང་པོ་ཟེར་ནས་ལབ་ཀྱི་འདུག བྱས་ཙང་དོལ་རྒྱལ་ཟེར་མཁན་འདི་ཚོ་དམ་སྲི་འགོང་པོ་ཟེར་རྒྱུའི་གནས་ཚུལ་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད།

 

༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དོལ་རྒྱལ་སྐོར་ལམ་སྟོན་མཛད་སྟངས།

 

༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཆ་བཞག་པ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་སྐོར་བཀའ་སློབ་བསྩལ་གནང་མཛད་པ་འདི་ཚོའི་ནང་དུ་གསལ་པོ་བྱས་ནས་གསུངས་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་དགུང་ལོ་བཅུ་བཞི་ཡིན་པའི་སྐབས་སུ་གྲོ་མོའི་དུང་དཀར་དགོན་ཟེར་བ་དེར་དེའི་སྐབས་སུ་ཕྱི་ལོ་ ༡༩༥༡ ལ་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་མ་བཞག་གོང་ལ་རེད། དེའི་སྐབས་སུ་བོད་ནང་དུ་རྙོག་དྲ་མང་པོ་བྱུང་ནས་གྲོ་མོ་བར་དུ་ཉེན་གཡོལ་ལ་ཕེབས་དགོས་བྱུང། གྲོ་མོར་བཞུགས་ནས་སྐུ་ཚབ་དེ་དག་རྒྱ་ནག་ལ་ཕར་ཕྱིན། གྲོ་མོར་བཞུགས་པའི་སྐབས་སུ་ལྷ་ས་ལ་ཕར་ཕེབས་དགོས་ཡོད་དང་རྒྱ་གར་ལ་ཚུར་ཕེབས་དགོས་ཡོད་གནས་ཚུལ་མང་པོ་ཞིག་བྱས། གནས་ཆུང་དང་དགའ་གདོང་གཉིས་ཀ་བཞུགས་མེད་པའི་སྐབས་གཅིག་ལ་ཕ་གིར་གྲོ་མོ་དུང་དཀར་དགོན་ཟེར་བ་དེར་སྐབས་དེར་དོལ་རྒྱལ་བསྟེན་གྱི་ཡོད་པ་སོང་ཙང་། དེ་དུས་དགུང་ལོ་ཡང་ཆུང་ཆུང་ཡིན་པ་དང་། གནས་ཚུལ་ཚང་མ་མཁྱེན་པའི་དུས་ཚོད་གཅིག་གི་སྐབས་སུ་ངས་འདི་འདྲའི་ནོར་འཁྲུལ་གཅིག་ཕྱིན་འདུག་ཅེས་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་འདི་ཚོའི་ནང་གསལ་བསྡད་ཀྱི་འདུག་ག འདི་ནས་བཟུང་སྟེ་བསྟེན་རྒྱུ་འདྲ་པོ་འགོ་བཙུགས་འདུག བཙན་བྱོལ་ལ་མར་ཕེབས་པའི་རྗེས་སུ་ཡིན་ནའང་གཙོ་བོ་དེ་གནས་ཆུང་དང་དགའ་གདོང་གཉིས་བསྟེན་གནང་བ་རེད། ཡིན་ནའང་བསྐང་གསོ་འདི་ཚོའི་ནང་དུ་དོལ་རྒྱལ་གྱི་སྐོར་རིགས་ཡར་བཅུག་ནས་ལོ་གང་ལ་གང་འཚམ་གཅིག་རྣམ་རྒྱལ་གྲྭ་ཚང་ནས་འགོ་བཙུགས་ཏེ་ཚང་མས་འདོན་བསྡད་པའི་གནས་ཚུལ་འདྲ་པོ་འདི་འདྲ་ཆགས་འདུག ཕྱི་ལོ་ ༡༩༦༨ ལོར་གནས་ཆུང་ཆོས་རྒྱལ་ཆེན་པོས་སྤྱན་འདྲེན་གཅིག་གི་སྐབས་སུ་རྒྱལ་བ་རིན་པོ་ཆེར་དོལ་རྒྱལ་བསྟེན་ན་འགྲིག་གི་མི་འདུག་ཅེེས་ཞུས་པས། སྐབས་དེར་དགོན་སྡེ་ཁག་ནང་དོལ་རྒྱལ་བསྟེན་མཁན་མང་པོ་ཡོད་པ་སོང་ཙང་། ཁྱེད་རང་ཁ་ཁ་རོག་བཞུགས་ན་ཡག་གི་རེད་ཅེས་༸རྒྱལ་བ་རིན་པོ་ཆེས་གནས་ཆུང་ཆོས་རྒྱལ་ཆེན་པོའི་ཁ་བཀག་གནང་བ་ཡིན་ཟེར་ནས་གསུངས་ཡོད་པ་རེད། ཡིན་ནའང་རིམ་པས་རྒྱལ་བ་རིན་པོ་ཆེས་བརྟག་དཔྱད་གནང་བའི་སྐབས་སུ་ ༡༩༧༥ ཙམ་ལ་ལོ་བརྒྱད་ཙམ་གྱི་རྗེས་ལ། ངས་ཕྱོགས་གཅིག་ལ་གང་བྱུང་མང་བྱུང་བཤད་བཅུག ཕྱོགས་གཅིག་ལ་བཤད་མ་བཅུག་པར་ཁ་བཀག་བཞག་པ་ཡིན་ན། འདི་དྲང་པོ་ཡང་ཆགས་ཀྱི་མི་འདུག་ཟེར་ནས། དེར་བརྟག་དཔྱད་བྱས་པའི་སྐབས་སུ་ཡང་གནད་དོན་མང་པོ་ཞིག་གསལ་པོ་ཆགས་ཡོང་གི་ཡོད་དུས། ༸རྒྱལ་བ་རིན་པོ་ཆེས་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་གཅིག་གི་སྐབས་སུ་ཁྱོད་རང་དོལ་རྒྱལ་གྱི་སྐོར་ལ་ག་རེ་བཤད་རྒྱུ་ཡོད་ནའང་བཤད་ཞོག་ཅེས་གསུངས་པ་རེད། གང་ལྟར་༸རྒྱལ་བ་རིན་པོ་ཆེས་ཞལ་བཀག་པ་ནས་བཟུང་སྟེ། གནས་ཆུང་གི་ལོ་བརྒྱད་ཀྱི་རིང་ལ་ཚིག་གཅིག་ཀྱང་གསུངས་མ་སོང་། རྗེས་མ་ངས་བཤད་ཞོག་ཟེར་དུས། གནས་ཆུང་གི་དོལ་རྒྱལ་གྱི་སྐོར་ལ་སྔ་ཕྱི་བར་གསུམ་གྱི་བྱུང་རིམ་དང་། བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་གནོད་ཀྱི་ཡོད་མེད། གང་འདྲ་གང་འདྲ་བྱུང་ཡོད་མེད། ད་ལྟ་དོལ་རྒྱལ་བསྟེན་སྡོད་མཁན་ཚོར་ལྟས་ངན་པ་ག་རེ་ཡོང་གི་ཡོད་མེད། གྲ་མ་འགྲིག་པ་ག་རེ་ཡོད་པ་རེད། གནས་ཚུལ་ཆ་ཚང་ཞིག་༸རྒྱལ་བ་རིན་པོ་ཆེར་སྙན་སེང་ཞུས། ༸རྒྱལ་བ་རིན་པོ་ཆེས་དེའི་སྒང་ལ་དོལ་རྒྱལ་བསྟེན་པའི་རྒྱུ་མཚན་ལ་བརྟེན་ནས་དཔལ་ལྡན་ལྷ་མོ་ལའང་འཁོན་གྱི་ཡོད་པ། འདི་འདྲའི་གནས་ཚུལ་མང་པོ་ཞིག་གསུངས་པ་སོང་ཙང་། ༸རྒྱལ་བ་རིན་པོ་ཆེས་འདི་ཚོ་དཔེ་རེ་རེ་གཉིས་རེ་བྱས་ནས་བརྟག་དཔྱད་གནང་སྟེ། དངོས་ཡོད་གནས་སྟངས་དེ་གཟིགས་ཡོང་དུས། ཕྱི་ལོ་ ༡༩༧༦ ནས་བཟུང་སྟེ་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་རྒྱུ་དེ་མཚམས་བཞག་པ་ཡིན་ཟེར་ནས་དེ་གསུངས་པ་རེད། ༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བསྟེན་རྒྱུ་མཚམས་བཞག་པ་རེད་ཀྱང་། ཡང་མང་ཚོགས་ནང་དུ་གསུངས་དགོས་ཀྱི་ཡོད་དང་མེད་ཀྱི་གནས་སྟངས་མང་པོ་ཞིག་གི་འོག་ནས་ཟིན་བྲིས་གནང་རྒྱུ་དང་། ཡོངས་འཛིན་རྣམ་པ་ཚོ་དང་དགོངས་སྐོར་ཞུ་རྒྱུ་དང་། བླ་མ་གཞན་པ་ཚོར་གོ་བསྡུར་ཞུ་རྒྱུ་རེད། འདི་འདྲའི་ཐབས་ཤེས་མང་པོ་ཞིག་གནང་སྟེ། མོ་བསྐྱོན་དགོས་ཀྱི་ཡོད་ན་མོ་བསྐྱོན་ནས། ཕྱི་ལོ་ ༡༩༧༨ ཀྱི་མཚམས་ནས་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་རྡ་རམ་ས་ལ་གཡས་གཡོན་ལ་ཡོད་མཁན་གྱི་མཁན་པོ་དང་བླ་མ་མང་པོ་ཞིག་གདན་འདྲེན་ཞུས་ནས། འདིའི་སྐབས་སུ་གསུང་རྒྱུ་དང་། མང་ཚོགས་ཁྲོད་ལ་དངོས་སུ་གསུངས་རྒྱུ་འདྲ་པོ་དེ་འདི་འདྲ་ཞིག་ཡིན་ཟེར་ནས་གསུངས་པ་རེད། འཕྲལ་དུ་རྒྱ་ཆེ་ས་ནས་དམ་བསྒྲགས་མ་གནང་བར། རིམ་པས་རིམ་པས་མཁས་བཙུན་བཟང་གསུམ་གྱི་ཐོག་ནས་ཐབས་ཤེས་རང་གི་ཐོག་ནས། བོད་པའི་སྤྱི་ཚོགས་ནང་དུ་དམ་བསྒྲགས་བྱ་རྒྱུ་རིམ་པས་ཡོང་བ་དང་། དེ་ནས་རྒྱལ་བ་རིན་པོ་ཆེས་མང་ཚོགས་ལ་བཀའ་སློབ་གནང་བཞག་པ། འདི་ཚོ་མར་རིམ་པས་སྒྲོག་སྦྱང་གནང་གི་ཡིན་པ་ཡིན་ན་ཤེས་རྒྱུ་རེད།

དོལ་རྒྱལ་པས་ལས་ཀ་བྱེད་སྟངས།

སྤྱི་ཚོགས་ནང་ཟིང་ཆེ་ཤོས་འདྲ་པོ་དེ་ཕྱི་ལོ་ ༡༩༩༦ གཡས་གཡོན་ལ་བྱུང་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེས་དཔྱིད་ཆོས་སྐབས་ལ། ཕྱི་ཟླ་ ༣ ཚེས་ ༣༡ ལ་རྟ་མགྲིན་གྱི་བཀའ་དབང་གནང་བའི་སྐབས་སུ་བཀའ་སློབ་ནན་པོ་ཞིག་གནང་སྟེ། གནས་ཚུལ་བྱུང་བར་བརྟེན་ནས་གནས་སྟངས་འདི་འདྲ་བྱུང་ཡོད་པ་རེད། ལྡི་ལིར་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་འདི་འདྲ་བཙུགས་ཏེ། ལས་འགུལ་སྤེལ། བོད་པའི་སྤྱི་ཚོགས་ནང་དུ་རྙོག་དྲ་མང་པོ་བསླངས་ནས། གནས་ཚུལ་ཡང་མང་པོ་ཞིག་བྱུང་སྟེ། དོལ་རྒྱལ་ཟེར་བ་དེ་གང་ལྟར་རྒྱུ་དེ་སྨོན་ལམ་ལོག་པ་དང་། བསྟན་པ་དང་བསྟན་པ་འཛིན་མཁན་གྱི་སྐྱེ་བོ་འདི་དག་ལ་གནོད་བསྐྱལ་རྒྱུའི་བསམ་བློ་ཁོ་ན་མ་གཏོགས་མེད་པ། འཚེ་བ་བྱ་རྒྱུའི་བསམ་བློ་ཁོ་རང་མ་གཏོགས་མེད་པ་གཅིག་ཆགས། ཁོ་རང་གི་ངོ་བོ་དེ་དམ་སྲི་དང་། འདྲེ་ཡིན་པ་དང་། ལས་ཀ་བྱ་རྒྱུ་ཚང་མ་འཚེ་བའི་ལས་ཀ་རྐྱང་རྐྱང་གཅིག དཔེ་འདྲ་པོ་ཆ་བཞག་ན། ད་ལྟ་དེབ་གཅིག་གི་ནང་ལུང་འདྲེན་བྱས་བཞག་པའི་ནང་ནས་གནས་ཚུལ་འདི་ཚོ་བྱུང་བའི་རྗེས་སུ། འདིའི་སྐབས་ཀྱི་ཆོས་རིག་དྲུང་ཆེ་དང་སྐུ་སྒེར་ཡིག་ཚང་གི་བསྟན་པ་བཟོད་པ་ལགས་ཁོ་རང་ཚོ་ས་གནས་ལ་ཕྱིན་པའི་སྐབས་སུ། ཁོ་ཚོ་གསད་རྒྱུའི་ཐབས་ཤེས་བྱས་ནས། དེའི་དགོང་མོར་མི་མང་དེ་དག་གིས་བསྲུང་བྱ་བྱས་ནས་བསྡད་ཡོད་སྟབས་གསོད་མ་ཐུབ་པས’’ད་རེས་མཇལ་ཐུབ་མ་སོང་། རྗེས་སུ་མཇལ་ཡོང་།’’ཞེས་ཡི་གེ་དེ་འདྲའང་བཞག་པ་རེད། “ད་རེས་མཇལ་ཐུབ་མ་སོང་”ཞེས་པ་ནི་ད་རེས་གསོད་ཐུབ་མ་སོང་ཟེར་གྱི་ཡོད་པ་རེད། ད་རེས་གསོད་མ་ཐུབ་ཀྱང་རྗེས་སུ་གསོད་པར་ཡོང་གི་ཡིན་ཞེས་པའི་ཡི་གེ་དེ་འདྲ་ཡང་བཞག་ཡོད་པ་རེད། དེ་བཞིན་དགའ་ལྡན་བྱང་རྩེའི་ཏྲེ་ཧོར་མཁན་ཟུར་བློ་བཟང་དབང་རྒྱལ་ལ་ཡང་། རྒན་གྱིས་བྱང་རྩེ་གྲྭ་ཚང་དུ་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་ཡོད་པ་མ་རེད་ཅེས་སྤང་བླང་གི་བཀའ་སློབ་གནང་བའི་རྒྱུ་མཚན་ལ་བརྟེན་ནས། ཕྱི་ལོ་ ༡༩༩༦ ཟླ་ ༥ པའི་ཚེས་ ༢༧ གྱི་མཚན་གྱི་ཆུ་ཚོད་ ༢ པའི་ཐོག་ལ་རྒན་གསོད་རྒྱུའི་ཐབས་ཤེས་བྱས་ནས་རྒན་གྱི་ཤག་ཏུ་ས་སྣུམ་བཤོས་ནས་མེ་སྦར་ཏེ་རྒན་གྲོངས་མེད་པ་མ་གཏོགས་སྐུ་སྟོད་ལ་རྨས་སྐྱོན་གང་ལ་གང་འཚམ་བཟོས་ཡོད་པ་རེད། དེ་དག་ཚང་མ་དོལ་རྒྱལ་བསྟེན་མཁན་དེ་ཚོས་བྱས་པ་རེད། དེ་བཞིན་དོལ་རྒྱལ་བསྟེན་མཁན་ཚོས་བྱང་རྩེ་གྲྭ་ཚང་གི་འབྲུ་མཛོད་ལ་མེ་བརྒྱབ་པ་དེ་འདྲའང་བྱས་ཡོད་པ་རེད། དེ་ནས་ཀུན་བདེ་གླིང་བླ་བྲང་དང་འབྲེལ་བ་ཡོད་པའི་ལྷོ་རྫོང་གི་སྤྲུལ་སྐུ་སྒོ་མང་གྲྭ་སྒོམ་ཀུན་གླིང་ཛ་སག་གིས་དོལ་རྒྱལ་སྟེན་རྒྱུ་ཡོད་པ་མ་རེད་ཅེས་འབྲེལ་བ་མང་པོ་གནང་གི་ཡོད་སྟབས། ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༧ པའི་ཚེས་ ༣༡ ཉིན་རཇ་སྤུ་རུ་ཀུན་བདེ་གླིང་གཟིམ་ཤག་ཏུ་མི་ངོ་རྟགས་མི་ཆོད་མཁན་གཉིས་ཡོང་ནས་ཀུན་བདེ་གླིང་པར་གྲི་མང་པོ་བརྒྱབ་ནས་རྨས་སྐྱོན་ཆེན་པོ་བྱུང་ཡོད་པ་རེད། དེ་འདྲའི་གནས་ཚུལ་ཡང་བྱུང་བ་རེད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་མོན་གྷོ་ཌིའི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། དགའ་ལྡན་བྱང་རྩེའི་དགེ་བཤེས་བསྟན་འཛིན་འཕྲིན་ལས་ཞེས་པ་ཞིག་གིས་གྲོས་ཚོགས་ཀྱི་ནང་དུ་དོལ་རྒྱལ་སྟེན་རྒྱུ་ཡོད་པ་མ་རེད་ཅེས་བསམ་ཚུལ་བཤད་པའི་རྒྱུ་མཚན་ལ་བརྟེན་ནས། ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༡ པོའི་ནང་ལ་དགེ་བཤེས་ལྡི་ལི་ནས་ཡར་ཡོང་བའི་སྐབས་སུ་མན་འཇུ་ཊྲི་ལར་ནག་ཁུང་ཞིག་ཏུ་བསྒུགས་ཏེ་དགེ་བཤེས་ལགས་ལ་གྲི་བརྒྱབ་སྟེ་རྨས་སྐྱོན་ཆེན་པོ་བྱུང་བ་རེད། དེ་ནས་ཕྱི་ལོ་ ༡༩༩༦ ལོའི་ཟླ་བ་ ༡༠ ཚེས་ ༡༦ ཙམ་ལ་ལྷ་མི་སྲུང་སྐྱོབ་ཟེར་བ་དེ་ཚོས་གནས་ཚུལ་མང་པོ་སྤེལ་ནས་ད་དུང་ཁྱེད་ཚོས་དམ་བསྒྲགས་མུ་མཐུད་དེ་བྱས་པ་ཡིན་ན། ང་ཚོར་ཐབས་ལམ་གཞན་གང་ཡང་མི་འདུག་པས་ཐབས་ལམ་གཞན་ཞིག་གི་ཐོག་ལ་འགྲོ་གི་ཡིན་ཞེས། གང་ལྟར་དྲག་པོའི་ལས་ཀ་ཤུགས་ཆེན་པོ་བྱ་རྒྱུར་གྲ་སྒྲིག་གི་ཡིན་ཞེས་པ་ལྟ་བུའི་ཉེན་བརྡ་དེ་འདྲའང་བཏང་ཡོད་པ་རེད། ཐག་ཆོད་མ་བྱུང་སྟབས་འུ་ཐུག་པའི་ཐབས་ལམ་གཞན་ཞིག་ལག་ལེན་དུ་བསྟར་རྒྱུ་ཡིན་ཞེས་དེབ་དེ་འདྲ་ཡང་བཀྲམས་པ་དང་། དེ་ནས་ཡི་གེ་གཞན་ཞིག་ཏུ་མི་གསོད་ཁྲག་སྦྱོར་མ་བྱུང་སྔོན་ལ་དྲང་པོ་དྲང་བཞག་བྱ་དགོས་ཀྱི་རེད་ཅེས་པའི་ཡི་གེ་བཀྲམས་པ། དེ་ནས་ཁྱེད་རང་ཚོ་ཚང་མས་དེ་གོ་ཡོད་པ་རེད། ད་ནང་ཞོགས་པར་༸རྒྱལ་བ་རིན་པོ་ཆེས་རྒན་བློ་བཟང་རྒྱ་མཚོའི་སྐོར་ཞིག་གསུངས་མ་སོང་ངམ། མཚན་ཉིད་གྲྭ་ཚང་གི་རྒན་བློ་བཟང་རྒྱ་མཚོ་ལྟ་བུ་ལ་ཆ་མཚོན་ན་དོལ་རྒྱལ་སྟེན་མཁན་ལ་དགག་ལན་གྱི་རྩོམ་ཡིག་དེ་འདྲ་བྲིས་གནང་བའི་རྒྱུ་མཚན་ལ་བརྟེན་ནས། རྒན་དང་རྒན་གྱི་དགེ་ཕྲུག་གཉིས་དཔེ་ཆ་འགའ་ཤས་རྒྱ་ཡིག་ཐོག་སྒྱུར་བཞིན་པའི་སྐབས་དེར། ཕོ་བྲང་གི་མདུན་ངོགས་དེ་ག་རང་གི་ཁང་པ་གཅིག་གི་ནང་དུ་ཁོང་གསུམ་ཀ་བཀྲོངས་པ་རེེད། ཁོང་བཀྲོངས་མཁན་གྱི་མི་དེ་དག་ལས་འགའ་ཤས་སོ་སོ་སོ་སོའི་ལས་མ་དག་པའི་རྒྱུ་མཚན་ལ་བརྟེན་ནས་ཤི་ཚར་བ་འདྲ། གཞན་ལྷག་མ་དོལ་རྒྱལ་སྟེན་མཁན་གྱི་མི་དེ་དག་བོད་ལ་ཕར་ཕྱིན་ནས་རྒྱ་མིའི་སྲུང་སྐྱོབ་ཀྱི་འོག་ཏུ་གནས་འདུག དེ་དག་ཚང་མའི་ལོ་རྒྱུས་ད་དུང་ཡིན་ནའང་ཤེས་རྒྱུ་ཞིག་རེད། སྐབས་དེར་རྒན་བཀྲོངས་ཚར་བའི་རྗེས་སུ་ཁོང་ཚོས་ཡི་གེ་ག་རེ་སྦྱར་ཡོད་པ་རེད་དམ་ཞེ་ན། ༸རྒྱལ་བ་རིན་པོ་ཆེའི་མཚན་ཐོག་དང་སྦྲགས་ནས་ད་ལོའི་ལོ་གསར་གྱི་དོད་དུ་ཤ་ཁོག་གསུམ་ཕུལ་ཡོད་ཅེས་བརྗོད་ཡོད་པ་དང་། ད་དུང་དགོས་ན་ཤ་ཁོག་དེ་ལས་མང་བ་ཕུལ་ཆོག་ཅེས་དེ་འདྲའི་ཡི་གེ་སྦྱར་ཡོད་པ་རེད། དྲག་པོའི་ལས་ཀ་རྐྱང་རྐྱང་བྱས། གང་ལྟར་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་ན་དེ་འདྲའི་ལས་ལ་འཇུག་རྒྱུ་སེམས་ཐག་མ་རེད་དམ། དེ་བས་དོལ་རྒྱལ་བསྟེན་ན་དེ་འདྲ་ཞིག་ལས་ཡོང་རྒྱུ་མེད་པ་དང་། ཡང་ན་དོལ་རྒྱལ་གྱི་རྗེས་སུ་འབྲངས་པའི་རྒྱུ་མཚན་ལ་བརྟེན་ནས་ཁོང་ཚོ་ཁྱི་སྨྱོན་པ་ལྟར་མི་གསོད་ཁྲག་སྦྱོར་གྱི་ལས་ལ་འཇུག་གི་ཡོད་པ་རེད། དེ་དང་གྲོངས་ཟིན་པ་དེའི་སྐབས་ཀྱི་བཀའ་བློན་ཁྲི་པ་བསོད་ནམ་སྟོབས་རྒྱལ་དང་ཆོས་རིག་བཀའ་བློན་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཁོང་ཚོའི་གྲས་ལའང་ཉེས་རྡུང་བཏང་ནས་རྒྱ་གར་གཞུང་གི་སྐུ་སྲུང་མི་སྣ་གཏོང་དགོས་པ་དེ་འདྲའང་བྱུང་ཡོད་པ་རེད། སེ་ར་བྱེས་ཀྱི་ཕུར་བུ་བསམ་གྲུབ་ཟེར་བ་ཞིག་གིས་ཁོང་རང་གི་གྲྭ་ཚང་གི་ནང་དུ་དོལ་རྒྱལ་སྟེན་མཚམས་འཇོག་དགོས་ཀྱི་འདུག་ཅེས་སྐུལ་སློང་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། ཕྱི་ལོ་ ༡༩༩༦ ཟླ་ ༤ པའི་ཚེས་ ༡༢ ཉིན་དོལ་རྒྱལ་ཚོགས་པའི་མི་འགའ་ཤས་ཀྱིས་ལག་རུབ་བརྒྱབ་སྟེ་ཁོང་ལ་ཉེས་རྡུང་དྲག་པོ་བཏང་ཡོད་པ་རེད། དེ་བཞིན་སེར་སྨད་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་ཆོས་སྲིད་གཉིས་གང་ཐད་ལ་བཀའ་དྲིན་ཧ་ཅང་གི་ཆེན་པོ་རེད་ཀྱང་རྒན་ལ་ཡང་བརྙས་བཅོས་བྱས་ནས། རྒན་གྱི་ཕྱག་ནས་འཇུས་ཏེ་ཕར་ཚུར་འཐེན་རེས་བྱས་པའི་གནས་ཚུལ་དེ་འདྲའང་བྱུང་འདུག དེ་བཞིན་ཤར་རྩེའི་མཁན་པོ་ལེགས་བཤད་མཛོད་འཛིན་བླ་ཏི་རིན་པོ་ཆེར་ཡིན་ནའང་སྡིག་བསྐུལ་མང་པོ་བྱས་ན་བླ་མ་ཁོང་འུ་ཐུག་སྟེ་སྤྱན་ཆབ་བསིལ་དགོས་པའི་གནས་ཚུལ་དེ་འདྲའང་ཁོང་ཚོས་བཟོས་འདུག དེ་བཞིན་སེར་སྨད་ཐོས་བསམ་ནོར་གླིང་གི་སློབ་དགེ་ཐུབ་བསྟན་ཀུན་མཁྱེན་ཞེས་པ་ཞིག་གིས་ཀྱང་དོལ་རྒྱལ་སྤང་བླང་སྐོར་འཆད་སྐབས། ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༡༠ པའི་ཚེས་ ༡༦ གི་དགོང་དྲོའི་ཚོུད་ ༨ པ་ཡས་མས་ཙམ་ལ་ཁོ་ལ་ཉེས་རྡུང་བཏང་། ཁོའི་སྦག་སྦག་ཡང་བཅག སྐྱོན་བཏང་བ་དེ་འདྲའི་གནས་ཚུལ་ཡང་བྱུང་བ་རེད། དེ་བཞིན་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ཕུར་བུ་སྲི་ཐར་ཟེར་བ་ཞིག་ཡོད་པ། ཁོང་ལའང་ཉེས་རྡུང་ཚད་མེད་བཏང་བ་རེད། དེའི་སྐབས་སུ་ང་ཡང་སྦེལ་ཀོབ་ཏུ་སླེབས་ཡོད། དེའི་སང་ཉིན་དེར་ང་ཚོ་སྨན་ཁང་ལ་འགྲོ་བའི་སྐབས་སུ་ཁྱོ་ག་དང་སྐྱེས་དམན་གཉིས་ཀའི་གཟུགས་པོ་ཆ་ཚང་སྨུག་ཐིག་རེད་འདུག།ཁོང་སྡོད་སའི་ལས་ཁུངས་ཀྱི་ཐོག་གི་རྫ་གཡམ་བཤུས་ཏེ་གྲྭ་པ་འགའ་ཤས་སྟེང་ནས་མར་མཆོངས། འགའ་ཤས་ཀྱི་མདུན་ནས་ཡར་སྒོ་བཅག གཡས་གཡོན་དུ་གྲོང་པ་ཁྱིམ་མཚེས་མང་པོ་ཡོད་མ་རེད། ཡོད་པ་དེ་ཚོའི་མིར་རྫ་གཡམ་བཞུས་ཏེ་མར་དོན་དུ་མ་བཅུག་པ། གང་ལྟར་དེ་འདྲའི་ཉེས་རྡུང་ཚད་མེད་བཏང་བའི་གནས་ཚུལ་དེ་འདྲའང་བྱུང་ཡོད་པ་རེད། དེ་བཞིན། ཕྱི་ལོ་ ༢༠༠༢ ཟླ་ ༩ པའི་ཚེས་ ༡༩ ལ་ཡང་དགའ་ལྡན་ཤར་རྩེའི་རྒན་བློ་བཟང་ཐུབ་བསྟན་ལ་ཡང་ཉེས་རྡུང་དྲག་པོ་བཏང་བའི་གནས་ཚུལ་དང་། དེ་ནས་ཕྱི་ལོ་ ༢༠༠༤ ལོ་ལྟ་བུར་མཚོོན་ན་ཁྲི་བྱང་མཆོག་སྤྲུལ་རིན་པོ་ཆེར་ཡང་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་རེད། རིན་པོ་ཆེས་གསུངས་པའི་གནས་ཚུལ་དེ་དག་བརྙན་འཕྲིན་ནང་དུའང་མཇལ་རྒྱུ་ཡོད་པ་ཞིག་རེད། དེ་བཞིན་ཡིག་ཐོག་ཏུ་བཀོད་པ་དེ་དག་ཀྱང་ཡོད་པ་རེད། གང་ལྟར་ཁྲི་བྱང་རིན་པོ་ཆེའི་སྐུ་སྲོག་ལ་ཉེན་ཁ་ཧ་ཅང་གི་ཆེན་པོ་འདུག་ཅེས་དེ་འདྲ་ཆགས་ཡོད་པ་རེད།

ཕ་བོང་ཁའི་ཡང་སྲིད་དེ་དག་མཛད་འཕྲིན་རྒྱས་ཐུབ་པ་བྱུང་ཡོད་པ་མ་རེད། མ་འོངས་པར་ཡིན་ནའང་ཧ་ཅང་གི་ཁག་པོ་རེད། བླ་མ་སྐྱེས་ཆེན་དམ་ཞིག་རེད། དཔེར་ན། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེ་གཉིས་ཀ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེ་ཚོའི་ནང་ལ་ལམ་རིམ་བློ་སྦྱོང་གི་ཚད་འཛིན་སའི་བཟོ་འདྲ་པོ་ཞིག་དང་བསྟན་པའི་བདག་པོ་ཞིག་ཆགས་ཡོད་པ་དང་། ཁོང་ཚོ་དང་ཡང་བླ་སློབ་ཀྱི་འབྲེལ་བ་མང་པོ་ཞིག་ཡོད་པ། ལྷག་པར་དུ་གསང་སྔགས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་བདེ་མཆོག་ཡབ་ཡུམ་ཧེ་རུ་ཀའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་ཞེས་༸རྒྱལ་བ་རིན་པོ་ཆེས་དེ་གསུང་གི་མི་འདུག་གམ། དེ་ཡིན་དུས་བླ་མ་སྐྱེས་ཆེན་དམ་པ་ཚོས་སྟེན་སྟངས་དང་ང་ཚོ་སྐྱེ་བོ་ཕལ་པ་ཚོས་སྟེན་སྟངས་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་རེད་འདུག རྒྱལ་བ་རིན་པོ་ཆེའི་གཟིགས་སྣང་ལ་ཡང་དཔེར་ན། དོལ་རྒྱལ་གྱི་གནས་ཚུལ་དེ་གཙོ་བོ་མ་རེེད། དཔེར་ན། སྐྱབས་རྗེ་ཕ་བོང་ཁའི་མཛད་པ་སྐྱོར་དགོས་བྱུང་བ་ཡིན་ན་ཧ་ཅང་གི་རྒྱ་ཆེན་པོ་རེད། དོལ་རྒྱལ་གྱི་གནས་ཚུལ་དེ་ཕལ་པ་ཞིག་རེད་ཅེས་དེ་འདྲ་གསུངས་ཡོད་པ་རེད། ཡིན་ནའང་འདྲེ་བསྟེན་པའི་རྗེས་སུ་ལམ་འགྲོ་མི་འགྲོ་དང་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་བརྟེན་དེ་འདྲ་རེད། དེ་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལྟ་བུར་མཚོན་ན་༸རྒྱལ་བ་རིན་པོ་ཆེས་ཐུགས་རེེ་ཧ་ཅང་གི་ཆེན་པོ་གནང་ཡོད་པ་རེད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་ཐོག་འདིའི་སྔོན་གྱི་སྐབས་ནས་བྱས་ཏེ་དོལ་རྒྱལ་དང་འབྲེལ་བ་བྱུང་སྟེ། དམིགས་བསལ་གྱིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་སྟབས་༸རྒྱལ་བ་རིན་པོ་ཆེས་ཀྱང་དམིགས་བསལ་བཏང་གནང་རྒྱུ་དང་། བྱུང་རིམ་ཆ་ཚང་ལ་བལྟས་ཡོང་དུས་ད་ལྟའི་ཡང་སྤྲུལ་འདི་ལ་ཡང་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་གནང་འདུག དཔེར་ན། ཁྲི་བྱང་རིན་པོ་ཆེས་རྒྱལ་ཆེན་བསྟེན་དང་མི་བསྟེན་སྐོར་ལ་ཟན་སྒྲིལ་གནང་དགོས་པའི་གནས་ཚུལ་དེ་འདྲ་ཡང་བྱུང་འདུག མཐར་༸རྒྱལ་བ་རིན་པོ་ཆེས་ཐེངས་མང་འབྲེལ་བ་གནང་བ་དང་། ལྷག་པར་དུ་ཆོས་འབྲེལ་ཞིག་༸རྒྱལ་བ་རིན་པོ་ཆེས་ཡོངས་འཛིན་སྐུ་གོང་མའི་མདུན་ནས་ཞུས་གནང་སྟབས་ཆོས་འབྲེལ་དེ་མར་གནང་རྒྱུ་ཡང་ཁྲི་བྱང་རིན་པོ་ཆེར་གནང་ཐུབ་ན་ཞེས་དགོངས་པ་ཧ་ཅང་གི་རྒྱ་ཆེན་པོ་བཞེས་ནས་གནང་འདུག་ཀྱང་། གང་ལྟར་ཁྲི་བྱང་རིན་པོ་ཆེ་ཚུར་ཕེབས་ཐུབ་ཡོད་པ་མ་རེད། མཐའ་མའི་མཐར་ད་ཆ་སྐྱ་བོར་སྐྱ་བབས་ནས་བདག་མོ་བཞེས་ཏེ་ངའི་གོ་ཚོད་ལྟར་ན་ཨ་རིའི་མོན་མོན་མངའ་སྡེར་བཞུགས་ཡོད་པ་རེད་ཅེས་པའི་གནས་ཚུལ་དེ་འདྲ་ཡོང་གི་འདུག དེ་ཡིན་དུས་ཁྲི་བྱང་རིན་པོ་ཆེར་ཡང་གནས་ཚུལ་མང་པོ་ཞིག་དེ་འདྲ་བྱས་ནས་བྱུང་བ་རེད། དེ་བཞིན་དགའ་ལྡན་བྱང་རྩེའི་སེར་ཀོང་དགེ་བཤེས་ངག་དབང་བློ་བཟང་གིས་ཀྱང་དེ་འདྲའི་གནས་ཚུལ་བྱས་ནས་དགེ་བཤེས་ལགས་སུའང་། ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣༠ ཉིན་ལ་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་བ་ལྟ་བུ་དེ་འདྲ་མང་པོ་ཞིག་བྱས། ཚུར་སྐྱོན་འཛུགས་རྒྱུར་༸རྒྱལ་བ་རིན་པོ་ཆེས་ཆོས་དད་རང་དབང་གནང་གི་མི་འདུག་ཟེར་རྒྱུའི་བཟོ་འདྲ་པོ་དང་། ༸རྒྱལ་བ་རིན་པོ་ཆེར་བཤེས་གཉེན་བསྟེན་ཚུལ་མི་འདུག བླ་མར་དད་ལོག་གནང་གི་འདུག་ཟེར་རྒྱུའི་བཟོ་འདྲ་པོ་དང་། དེ་བཞིན་ཁོང་ཚོས་སྒྲུང་མང་པོ་ཞིག་རྫུན་མ་བཟོས་ཏེ་དཔེར་ན། དོལ་རྒྱལ་ཟེར་བ་དེ་འདྲ་མ་ཡིན་པ། ཆོས་རྒྱལ་ཆེན་པོ་ཡིན་པ། དེ་ཡང་རྗེ་ཙོང་ཁ་པའི་ཐུགས་སྲས་ཀྱི་གཙོ་བོ་ནང་གི་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་། པཎ་ཆེན་བསོད་ནམས་གྲགས་པ་བཅས་ཀྱི་སྤྲུལ་པ་ཡིན་པ་དང་། དེ་འདྲའི་སྐོར་ལ་ལོག་བཤད་འདྲ་མིན་བརྒྱབ་པ་དང་། ལོ་རྒྱུས་ཀྱི་ཐོག་ལ་ལོག་བཤད་འདྲ་མིན་བརྒྱབ་པ། གནས་སྟངས་ཀྱི་ཐོག་ལ་ལོག་བཤད་འདྲ་མིན་བརྒྱབ་ནས་དེ་འདྲའི་འཆལ་གཏམ་མང་པོ་ཞིག་སྤྱི་ཚོགས་ཀྱི་ནང་དུ་སྤེལ་གྱི་ཡོད་པ་རེེད། དེ་ཡིན་དུས་ད་ལྟ་ངས་ཕྲན་བུའི་ཞིབ་ཚགས་པོ་ཞུ་དགོས་པ་དེ་ཁྱེད་རང་ཚོས་ནང་དོན་ཏོག་ཙམ་ཡང་མ་ཤེས་པ་ཡིན་ན། དོལ་རྒྱལ་གྱི་སྐོར་ལ་ཐག་གཅོད་བྱེད་སྟངས་དེ་དཀའ་ཁག་ཆགས་ཀྱི་ཡོད་པ་ཡིན་དུས་དེ་འདྲ་ཞིག་ཞུས་པ་ཡིན།

 

དོལ་རྒྱལ་ཁ་ལ་ཁྱེར་མཁན་ཚོ་རྒྱ་ནག་ནང་འགྲོ་ཆོག་ཆོག་ཡིན་སྐོར།

གང་ལྟར་ད་ཆ་དོལ་རྒྱལ་གྱི་རྗེས་འབྲངས་པ་ཚོས་དོལ་རྒྱལ་དངོས་སུ་བསྟེན་གྱི་ཡོད་དང་མེད་དེ་ཚོ་ཞིབ་ཚགས་ཤིག་ཤེས་ཀྱི་མེད། འགའ་ཤས་འགའ་ཤས་ཡོད་སྲིད་པ་རེད། ཡིན་ནའང་དོལ་རྒྱལ་སྟེན་མཁན་ཚོ་རྒྱ་ནག་དང་བོད་གང་དུ་འགྲོ་དགོས་ནའང་ཧ་ཅང་གི་ལས་སླ་པོ་འདུག གངས་ཅན་བླ་མ་ཟེར་མཁན་གྱི་བཟོ་འདྲ་པོ་དང་། ང་བླ་མ་ཟེར་མཁན་གྱི་བཟོ་འདྲ་པོ་དེ་ཚོའི་རིགས་ཕར་རྒྱ་ནག་ལ་འགྲོ་དགོས་ན་ག་དུས་ཡིན་རུང་འགྲོ་ཆོག་ཆོག་གི་འཟོ་འདྲ་པོ་མི་འདུག་གམ། གངས་ཅན་བླ་མས་ཧུ་ཅིང་ཐའོ་ཐུག་པའི་ལོ་རྒྱུས་ཡོད་པ་རེད། ད་ལྟའི་ཞི་ཅིང་ཕིང་ཡང་ཐུག་པའི་ལོ་རྒྱུས་ཡོད་པ་རེད། དེ་ཡིན་དུས་དོལ་རྒྱལ་སྟེན་མཁན་ཚོས་རྒྱ་ནག་མཉམ་དུ་ཆབ་སྲིད་ཀྱི་གནད་དོན་གྱི་ཐོག་ལ་ནང་འབྲེལ་རང་བྱས་ཏེ། ནང་ཆོས་ཀྱི་དོན་དེ་ཚོ་ཕར་བཞག་ནས་དེ་ཚོ་བརྒྱུད་སྐུལ་བྱས་ཏེ། གང་ལྟར་རྒྱ་ནག་ལ་གང་དགོས་ཀྱི་ཡོད་པ་རེད་དམ་ཞེ་ན། ༸རྒྱལ་རིན་པོ་ཆེའི་མཚན་སྙན་ཆུང་དུ་གཏོང་རྒྱུ། ༸རྒྱལ་བ་རིན་པོོ་ཆེར་མཚན་སྨོད་ཞུ་རྒྱུ་དེ་དག་དགོས་ཀྱི་ཡོད་སྟབས་དེ་ཚོ་རང་གིས་ལག་འབྲེལ་བྱས་ཡོད་པ་རེད། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དེའི་ནང་དུའང་། ད་ཆའི་དོལ་རྒྱལ་རྗེས་འབྲངས་པའི་མི་དེ་ཚོའི་ལས་འགུལ་སྤེལ་སྟངས་དང་བྱ་གཞག་དེ་ཚོར་བལྟས་པ་ཡིན་ན་ལོ་རྒྱུས་ཐོག་གི་ནག་ཉེས་ཅན་གྱི་མི་ཡིན་ཅེས་བཀོད་ཡོད་པ་རེད། མི་དེ་དག་གིས་ལས་རྒྱུ་འབྲས་ཕར་བཞག དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་རྒྱུ་ཕར་བཞག འདྲེ་ལ་སྐྱབས་བཅོལ་གྱི་ཡོད་པ་རེད། དམ་སྲི་ལ་སྐྱབས་བཅོལ་གྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ཆོས་ཕྱོགས་ཀྱི་གནས་ཚུལ་གཅིག་པོ་ཆགས་ཀྱི་ཡོད་པ་མ་རེད། ཕྱི་ལོ་ ༡༩༩༨ ཙམ་ནས་ཕྱི་དྲིལ་ལས་ཁུངས་ནས་གསལ་བསྒྲགས་བྱས་ཡོད་པ་རེེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གང་རེད་དམ་ཞེ་ན། ཕྱི་ལོ་ ༡༩༩༦ ལོར་གནས་སྟངས་དེ་ཤུགས་ཆེན་པོ་ཆགས་ཡོང་དུས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་དོལ་རྒྱལ་ཞིབ་འཇུག་ཚོགས་ཆུང་ཞེས་པ་བཙུགས་པ་རེད། དེའི་རྗེས་སུ་དེབ་ཅིག་ཀྱང་བཏོན་ཡོད་པ་རེད། དོལ་རྒྱལ་ཞིབ་འཇུག་ཚོགས་ཆུང་ལ་ཁྱེད་ཚོར་བདེ་སྡུག་ག་རེ་ཞུ་རྒྱུ་ཡོད་ཀྱང་ཞུས་ཤོག་ཅེས་བརྗོད་དུས། ཞུ་མཁན་སུ་གཅིག་ཀྱང་བྱུང་ཡོད་པ་མ་རེེད། དེ་ནས་ཕྱི་ལོ་ ༡༩༩༦ ལོར་༸སྐུ་སྒེར་ཡིག་ཚང་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་དང་། ཕྱི་དྲིལ་ལས་ཁུངས་ནས་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དག་ཆ་ཚང་འཁོར་ཐག་དང་ཡིག་ཐོག་ཏུ་ཕབ་སྟེ་གཞིས་ཆགས་ཁག་དང་། འགྲེམས་དགོས་ས་ཆ་ཚང་ལ་མར་བཀྲམས་པ་དང་། ཕྱི་ལོ་ ༡༩༩༦ ལོར་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་རེད། གྲོས་ཆོད་དེེའི་ནང་དུ་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་གསུང་ཆོས་སྐབས་དང་། ལྷག་པར་དུ་སྔགས་ཀྱི་དབང་ལུང་ཞུ་དགོས་བྱུང་ཚེ་བཅར་ཆོག་གི་མ་རེད་ཅེས་པ་སོགས་ནང་དོན་མང་པོ་ཞིག་ཡོད་པ་རེད་ཀྱང་གཙོ་བོ་འདྲ་པོ་ཞིག་དང་། ནང་དོན་ཧ་ཅང་མང་པོ་ཡོད་པ་རེད། ལེགས་ཉེས་ཀྱི་བསླབ་བྱ་དང་ལམ་སྟོན་ཡོད་པ་རེད། དངོས་སུ་དོལ་རྒྱལ་སྟེན་མཁན་ཚོར་དམ་བསྒྲགས་གནང་རྒྱུ་གཙོ་བོ་དེ་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་སྔགས་ཀྱི་དབང་ལུང་ཞུ་བར་བཅར་ཆོག་གི་མ་རེད་ཅེས་སྐབས་དེར་དེ་གསལ་ཡོད་པ་རེད། ཁོང་ཚོའི་བྱེད་ལས་དེ་དག་ཤུགས་ཆེ་རུ་བཏང་ཡོད་སྟབས། ཕྱི་ལོ་ ༡༩༩༧ ལོར་ཡང་བསྐྱར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་གྲོས་ཆོད་ཅིག་བཞག་སྟེ། སྐབས་དེར་ཡང་སྔགས་དང་སོ་ཐར་གྱི་སྡོམ་པ་ཞུ་དགོས་ཀྱི་ཡོད་ན་བཅར་ཆོག་གི་མ་རེད། དེ་བླ་མ་དང་སློབ་མའི་དམ་ཚིག་དང་ཐད་གར་འབྲེལ་བ་ཆགས་ཀྱི་ཡོད་པ་ཡིན་སྟབས་དེ་ཚོའི་གྲས་དེ་དག་འགྲིག་གི་མ་རེད་ཅེས་བཤད་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་ཡང་བསྐྱར་གྲོས་ཆོད་ཅིག་བཞག་ཡོད་པ་རེད། དེ་ནས་འདི་ལོ་ཕྱི་ལོ་ ༢༠༡༤ ལོར་གྲོས་ཆོད་ཅིག་བཞག་པ་འདིར་ཡང་ང་ཚོས་བསམ་བློ་མང་པོ་ཞིག་བཏང་ནས། སྐབས་རེར་ང་ཚོས་ལས་ཀ་བྱས་པ་དེ་འདྲ་བྱེད་སྟངས་མ་ཤེས་པ་ཡིན་ན་ཕར་ཕྱོགས་དེར་ཕན་ཐོགས་པའི་གནས་ཚུལ་དེ་འདྲ་ཡོང་གི་འདུག དེ་ཡིན་དུས་ད་རེས་ཕྱི་ལོ་ ༢༠༡༤ ལོར་སན་ཕ་རན་སི་སི་ཀོ་རུ་དོན་རྐྱེན་དེ་བྱུང་བའི་རྗེས་སུ་ང་ཚོས་འཇོག་དགོས་པའི་གནས་སྟངས་དེར་ཡང་བསམ་བློ་ཞིག་བཏང་ནས་བཞག་པ་རེད་མ་གཏོགས། ཡང་སྐབས་རེར་དོལ་རྒྱལ་གྱི་སྐོར་འདྲ་པོ་ཞིག་ཡིན་ནའང་ཁྱེད་ཚོས་གནས་ཚུལ་ཤེས་དགོས་པ་ཞིག་རེད་ཀྱང་། རྒྱ་ཆེའི་མང་ཚོགས་ཀྱི་ནང་དུ་ཡང་ནམ་རྒྱུན་དོ་སྣང་མང་པོ་མེད་མཁན་ཚོས་གནས་ཚུལ་ཕྲན་བུ་ཤེས་ན་བསམས་ཏེ་ལས་རིམ་དེ་སྤེལ་གྱི་ཡོད་པ་རེད། ཡང་སྐབས་རེར་ང་ཚོས་ཁོང་ཚོའི་ལས་ཀ་དེ་ཁྱབ་བསྒྲགས་བྱེད་མཁན་གྱི་བཟོ་འདྲ་པོ་ཞིག་ཆགས་འགྲོ་གི་འདུག དེ་ཡིན་དུས་ང་ཚོས་དེར་གཟབ་གཟབ་བྱེད་དགོས་པ་དེ་གལ་ཆེན་པོོ་རེད་འདུག ཁ་སྔོན་སན་ཕ་རན་སི་སི་ཀོ་རུ་བྱུང་བའི་གནས་ཚུལ་དེ་ཚོ་ཡིན་ནའང་ཁྱེད་ཚོ་སློབ་གྲྭའི་ནང་ན་བེད་སྤྱོད་བྱ་རྒྱུ་མེད་པ་རེད་མ་གཏོགས། སྤྱི་ཚོགས་ཀྱི་ནང་དུ་སྐུད་མེད་ཁ་པར་མང་པོ་འཁྱེར་རྒྱུ་ཡོད་དུས་གནས་ཚུལ་ཞིག་བྱུང་མ་ཐག་ལམ་སེང་ཕར་ཚུར་གཏོང་གི་འདུག གལ་སྲིད་གནས་ཚུལ་ཞིག་རང་ཉིད་ལ་འབྱོར་བ་ཡིན་ན། སྐར་མ་གཉིས་གསུམ་ཞིག་བསམ་བློ་ཞིག་ཐོངས་དང་། ངས་གནས་ཚུལ་དེ་ཕར་ཁྱབ་སྤེལ་བྱས་པ་ཡིན་ན། འདིས་ཕན་ཐོགས་ཡོང་ས་རེད་དམ་གནོད་ས་རེད་དམ། གང་ལྟར་དོལ་རྒྱལ་སྟེན་མཁན་གྱི་གྲྭ་པ་ཞིག་ཡོད་པ་རེད་ཟེར་གྱི་འདུག ངས་དེ་མཐོང་མྱོང་མེད། དམངས་ཁྲོད་ཁ་བརྡ་ཡིན་ནམ་ཟེར་བ་ཞིག རང་ཉིད་ལ་ཆ་མཚོན་ན་དམངས་ཁྲོད་ཁ་བརྡ་ཉིན་གཅིག་ཀྱང་བལྟས་མ་མྱོང་། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཀྱི་མི་ཁག་གཅིག་གིས་བལྟ་དགོས་ན་ལྟ་གི་རེད་ལ་ལྟ་ཡང་དགོས་ཀྱི་རེད། གང་ཡིན་ཞེ་ན་ཁོང་ཚོས་ག་རེ་ཤོད་ཀྱི་འདུག དེར་གདོང་ལེན་ག་རེ་བྱེད་དགོས་མིན་ཐད་ལྟ་དགོས་པ་ཞིག་ཀྱང་རེད། དེ་མ་གཏོགས་སྐབས་རེར་དམངས་ཁྲོད་ཁ་བརྡའི་ནང་དུ་འདྲ་མིན་བྲིས་བཞག་ཡོད་པ་རེད། ཁོང་ཚོའི་དེ་ཁྱབ་བསྒྲགས་བྱེད་དགོས་ཀྱི་ཡོད་པ་རེད། ང་ཚོས་དམངས་ཁྲོད་ཁ་བརྡའི་ནང་དུ་ཕྱིན་ནས་དེའི་  Like  དང་ Dislike དེ་ཚོར་མ་བལྟས་པར་ཚང་མར་ Like བརྒྱབ་ནས་དེ་འདྲ་བྱས་ཡོང་དུས། ཁོང་ཚོའི་ལག་ཆ་དེ་ང་ཚོ་ཆགས་ཀྱི་མི་འདུག་གམ། དཔེར་ན་པད་ནོར་རིན་པོ་ཆེའི་ཡང་སྲིད་སྐུ་འཁྲུངས་པ་དེའི་སྐོར་ལ་མི་གཅིག་ལ་པར་རག་མ་ཐག་ལམ་སེང་ཚང་མར་བཀྲམས་སོང་། གལ་སྲིད་པད་ནོར་རིན་པོ་ཆེ་ལྟ་བུ་ཞིག་ཚུར་རྒྱ་གར་ལ་གདན་འདྲེན་ཞུ་རྒྱུའི་འཆར་གཞི་ལྟ་བུ་ཞིག་ཡོད་པ་ཡིན་ན། དེའི་ལམ་ཚང་མ་བཀག་ཚར་བ་རེད། དམངས་ཁྲོད་ཁ་བརྡའི་ནང་དུ་ཁོང་ཚོས་རྒྱ་མིའི་ས་ནས་ཕོགས་ལེན་པའི་སྐབས་སུ་དམངས་ཁྲོད་ཁ་བརྡར་ལྟ་མཁན་སྟོང་ཕྲག་གསུམ་ཡོད། བཞི་ཡོད། ལྔ་ཡོད། དྲུག་ཡོད་ཅེས་ག་ཚོད་མང་དུ་ཕྱིན་པ་དེའི་ཚོད་ཀྱིས་ཁོང་ཚོར་ཕོགས་མང་བ་རག་གི་ཡོད་པ་རེད། ང་ཚོས་བསམ་བློ་ཁྱོན་ནས་མ་བཏང་བར་ག་ཚོད་དགོས་དགོས་བལྟས་ཏེ་འགའ་ཤས་ཀྱིས་ཐེངས་གསུམ། བཞི། ལྔ་ལྟ་དུས་ཁོང་ཚོས་དེ་ངོམ་རྒྱུ་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོའི་དྲ་རྒྱ་འདིར་ལྟ་མཁན་མང་པོ་འདི་འདྲ་ཡོད། དེ་ཡིན་དུས་འདིས་ཕན་ཐོགས་ཀྱི་ཡོད། འདིའི་ནང་ལ་དངུལ་བླུག་དགོས་ཀྱི་ཡོད་ཅེས་དང་། དེ་ནས་ཁ་སྡོད་ཚུགས་མེད་མཁན་རྒྱུ་མཚན་རྩ་བ་ཉིད་ནས་མི་ཤེས་ཤིང་སྤང་བླང་ཚུལ་བཞིན་དུ་མི་ཤེས་པ་དང་། ལོ་རྒྱུས་ལ་འཁྱོག་བཤད་བྱེད་མཁན་ཁ་བདེ་པོ་འགའ་ཤས་ཕ་གིའི་ནང་དུ་བཤད་དུ་འཇུག་སྐབས། དེ་ཡིན་མདོག་ཁ་པོ་འདྲ་ཞིག་མཐོང་། སོ་སོས་གནས་ཚུལ་ལ་བརྟགས་དཔྱད་མ་བྱས་པ་དང་། སྐབས་རེར་ཁོང་ཚོས་བཤད་པ་དེ་མིན་ནམ་སྙམ་པའི་གནས་སྟངས་དེ་འདྲ་ཆགས་མི་སྲིད་པ་མ་རེད། སན་ཕ་རན་སི་སི་ཀོ་ལ་བཙུན་མ་གཉིས་ཀྱིས་དེ་ཞུ་བའི་སྐབས་སུ་གཅིག་བྱུང་མ་ཐག་ལམ་སེང་ཡོངས་བསྒྲགས་བྱས་པ་དང་། དེ་བཞིན་ང་ཚོའི་ས་གནས་འགའ་ཤས་ལ་གནས་ཚུལ་བྱུང་བའི་སྐབས་སུ་བཀའ་ཤག་ལ་སྙན་ཞུ་འབུལ་གྱི་ཡོད་པ་ཡིན་ནའང་རེད། བོད་མང་སྤྱི་འཐུས་ལྷན་ཁང་ལ་སྙན་ཞུ་འབུལ་གྱི་ཡོད་པ་ཡིན་ནའང་རེད། བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་ལ་མ་འབྱོར་གོང་ལ་དྲ་རྒྱའི་ནང་ལ་ཚང་མ་བཀྲམས་ཚར་གྱི་འདུག དེ་འདྲའི་གནས་ཚུལ་དེ་དག་བཀྲམས་ནས་ཕན་ཐོགས་ཤིག་ཡོང་གི་ཡོད་པ་ཡིན་ན་གཅིག་རེད། དེ་ལས་གནས་ཚུལ་ནང་དོན་ཡོད་པ་མང་པོ་ཞིག་ཕྱིར་བསྒྲགས་ཕྱིན་པ་ཡིན་ན། སོ་སོ་རང་ཉིད་ལ་གནོད་རྒྱུའི་ལས་ཀ་དེ་སོ་སོས་བྱེད་ཀྱི་འདུག དེ་ཡིན་དུས་དེ་ཚོའི་ཐོག་ལ་ཧ་ཅང་གི་གཟབ་གཟབ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་ཕྱི་ལོ་ ༡༩༩༦ ཟླ་ ༥ པའི་ཚེས་ ༢༢ ལ་དོལ་རྒྱལ་སྐོར་ལ་གསལ་བསྒྲགས་ཀྱི་བཀའ་ཧ་ཅང་གི་ནན་པོ་ཞིག་བཏང་གནང་ཡོད་པ་རེད། སྐབས་དེར་མི་མང་གི་ངོས་ནས་ཀྱང་གོ་རྟོགས་སྤེལ་རྒྱུའི་སྐོར་ཡང་མང་པོ་ཞིག་བྱས་ཡོད་པ་རེད་ཀྱང་། དེང་སྐབས་ད་ནངས་ཞོགས་པར་༸རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ལྟར། ང་ཚོས་སློབ་སྦྱོང་བྱེད་པ་དེ་ཚད་དང་ལྡན་པ་ཞིག་མ་བྱས་པར་གང་ཞིག་བཤད་པ་དང་གང་ཞིག་གོ་བ་དེ་རང་གི་ཐོག་ལ་ཕྱིན་པ་ཡིན་ན། ཏག་ཏག་སྡོད་ཐུབ་རྒྱུ་རྩ་བ་ཉིད་ནས་ཡོད་མ་རེད། ཆབ་སྲིད་ཀྱི་གནད་དོན་འདྲ་ཞིག་ཡིན་ནའང་རེད། དོལ་རྒྱལ་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་འདྲ་ཞིག་ཡིན་ནའང་རེད། གང་བྱུང་མང་བྱུང་ཞིག་དེ་འདྲ་བྱས་ནས་བཏང་ཡོང་དུས། མི་མང་ནང་དུ་སོ་སོས་བརྟགས་དཔྱད་བྱས་ཏེ་ཁུངས་འཕེར་བའི་གནས་ཚུལ་ཞིག་ཀྱང་མ་ཆགས་པ་དང་། གཞན་གྱིས་ཤོད་པའི་སྐབས་སུ་ཡང་ཚད་དང་ལྡན་པ་ཞིག་མ་ཉན་པར་གནས་ཚུལ་འགོ་མ་འཚོས་པ་དེ་འདྲ་བྱེད་དུས་སྤྱི་ཚོགས་རང་ལ་རང་བཞིན་གྱིས་འཁྲུག་འདྲ་པོ་ཤུགས་ཆེན་པོ་ཐེབས་ཡོང་རྒྱུའི་གནས་ཚུལ་འདྲ་པོ་དེ་འདྲ་ཡོད་པ་རེད། ད་ལྟའི་དོལ་རྒྱལ་སྟེན་མཁན་དེ་ཚོས་ཀྱང་ཆོས་ཕྱོགས་ཀྱི་གནས་ཚུལ་མ་ཡིན་པ་རྒྱ་ནག་གི་སྲིད་བྱུས་དང་མཐུན་པའི་ལས་དོན་ལག་བསྟར་བྱེད་ཀྱི་ཡོད་པ་དེ་བཤད་མི་དགོས་པ་དང་། བོད་ནང་ལོོགས་སུ་ཡིན་ནའང་དེང་སང་ཁམས་ཁུལ་གྱི་ས་ཆ་འགའ་ཤས་སུ་གནས་ཚུལ་མ་གོ་བའི་དབང་གིས་འགའ་ཤས་ཀྱིས་”ང་ཚོའི་བླ་མས་དེ་འདྲ་གསུངས་ཡོད་ཀྱི་མ་རེད”ཅེས་འདི་འདྲ་ཟེར་གྱི་འདུག་ཅེས་ཟེར། གནས་ཚུལ་མ་རྟོགས་པའི་དབང་གིས་དེ་འདྲ་བཤད་མཁན་ཡོད་པ་ཡིན་ན། དེ་གནས་ཚུལ་གཞན་ཞིག་རེད། དེ་མིན་དོལ་རྒྱལ་སྟེན་མཁན་དེ་ཚོ་བོད་ནང་ལ་ག་པར་ཕྱིན་པ་ཡིན་ནའང་འགྲོ་ཆོག་ཆོག ཚོགས་འདུ་ག་པར་ཚོགས་པ་ཡིན་ནའང་ཚོགས་ཆོག་ཆོག དེ་འདྲ་མང་པོ་ཞིག་བྱེད་ཀྱི་ཡོད་པ་ཡིན་དུས། རྒྱ་ནག་གཞུང་གི་ངོས་ནས་དེ་ལག་ཆར་བེད་སྤྱོད་གཏང་ཆོག་གི་ཡོད་པ་དེ་ཁོང་ཚོས་ཤེས་ཀྱི་ཡོད་པ་རེད། བར་སྐབས་བོད་ནང་དུ་གུ་རུའི་སྐུ་གཏོར་བ་དང་། ངས་གོ་བ་ལ་གཞིགས་ན། ཕྱི་རྒྱལ་ནས་བོད་ནང་ལ་ལོ་མང་རིང་འགྲོ་མྱོང་མཁན་དེ་ཚོས་ཁམས་ཁུལ་གྱི་རིའི་རྩེ་དེ་འདྲར། སྔོན་མ་ཡིན་ན་གུ་རུའི་སྐུ་བཞེངས་ཀྱི་ཡོད་པ་རེད། དེང་སྐབས་དོལ་རྒྱལ་གྱི་གཟུགས་ཧ་ཅང་གི་ཆེན་པོ་དེ་འདྲ་བཞེངས་པ་དང་། མ་འོངས་པར་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་དེ་ཞི་བ་ཡིན་ནའང་ཆོས་ཕྱོགས་ཀྱི་གནད་དོན་དེ་མ་ཞི་བར་བོད་པའི་ནང་དུ་དཀྲུག་ཤིང་རྒྱག་ཐུབ་རྒྱུའི་གནས་སྟངས་ཆ་ཚང་ཞིག་རྒྱ་ནག་རང་གིས་དངུལ་དང་དངོས་པོ་སྤྲད་དེ་བཟོ་བཞིན་འདུག དེ་དག་ཚང་མ་ང་ཚོས་ཤེས་པ་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་སྙམ། འདི་འདྲ་ཞིག་གི་ཐོག་ནས་བཤད་མཚམས་འཇོག་རྒྱུ་ཡིན།

དྲི་བ་དྲིས་ལན།

 

དྲི་བ། དང་པོ།

༡༽     གནས་སྟངས་འདི་ལྟ་བུའི་ཉག་ཕྲ་བའི་གནས་ཚུལ་འདིར་ང་ཚོ་སློབ་ཕྲུག་ཚོའི་ངོས་ནས་ཞབས་འདེགས་གང་ཞིག་ཞུ་ཐུབ་རྒྱུ་ཡོད་དམ།

༢༽     བོད་གཞུང་ནས་དོལ་རྒྱལ་བཀག་སྡོམ་དང་གོ་ནོར་བྱུང་རྐྱེན་ཐད་ཐབས་ལམ་གང་སྤེལ་དགོས་སམ།

༣༽    དོལ་རྒྱལ་གྱི་གནས་ལུགས་ནི་ཆབ་སྲིད་དང་འབྲེལ་བ་ཡོད་དམ་མེད། ཡོད་ན་ཡོད་པའི་རྒྱུ་མཚན་དང་མེད་ན་མེད་པའི་རྒྱུ་མཚན་གང་ཡོད་དམ།

 

གཉིས་པ། ང་ལ་དྲི་བ་གཉིས་ཡོད། དྲི་བ་གཅིག་དེ་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་སྐོར་དང་དོལ་རྒྱལ་དེ་སྔོན་མ་བླ་སློབ་ཀྱི་དམ་ཚིག་དང་འབྲེལ་བའི་སྐོར་ཡིན་རུང་དེང་སྐབས་ཆབ་སྲིད་ཀྱི་རྙོག་དྲ་ཆིག་སྒྲིལ་གྱི་འགལ་ཟླར་ངོས་འཛིན་བྱེད་ཀྱི་འདུག་པས་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་དེ་འགོག་ཐབས་ལ་ཐབས་ལམ་གང་འདྲ་ཡོད་སྐོར།

 

གསུམ་པ། དོལ་རྒྱལ་རྗེས་འབྲང་བ་རྣམས་ང་ཚོའི་ཁ་གཏད་འདྲ་པོ་ཆགས་ཀྱི་ཡོད་པ་འདྲ་པོ་འདུག ང་ཚོས་དོལ་རྒྱལ་བསྟེན་དང་མི་བསྟེན་དེ་ཁ་ཁག་རེད། ང་ཚོ་ཆབ་སྲིད་ཀྱི་ཐོག་ནས་ཆིག་སྒྲིལ་དགོས་པ་དེ་ང་ཚོ་ཚང་མའི་འགན་འཁྲི་ཡིན་ཟེར་མཁན་ཡང་འདུག ང་ཚོའི་ནང་ཆིག་སྒྲིག་ཡོང་ཐབས་ག་རེ་བྱ་རྒྱུ་ཡོད་མེད་སྐོར་བཀའ་དྲི་ཞུ་རྒྱུ་ཡིན།

 

ལན། ངས་ལན་སྙིང་བསྡུས་ཞུ་རྒྱུ་ཡིན། སྐབས་རེར་ལན་ཧ་ཅང་གི་རིང་པོ་དེ་འདྲ་ཆགས་ཀྱི་འདུག དྲི་བ་དང་པོ་སློབ་ཕྲུག་ཚོའི་ངོས་ནས་ཞབས་འདེགས་ག་རེ་ཞུ་ཐུབ་ཀྱི་རེད་དམ་ཞེས་པ་དེར། སློབ་ཕྲུག་ཚོའི་ངོས་ནས་གནད་དོན་དེ་ཚོའི་སྐོར་ཤོད་པའི་སྐབས་སུ་དོ་སྣང་བྱས། གལ་ཆེ་ཤོས་དེ་གནས་ཚུལ་གང་ཡིན་ནའང་ཆ་རྒྱུས་ལོན་པ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད། གནས་ཚུལ་དེ་ངན་པ་ཡིན་དང་བཟང་པོ་ཡིན། དེ་བདེན་པ་ཡིན་དང་རྫུན་པ་ཡིན། ཡག་པ་ཡིན་དང་སྡུག་པ་ཡིན། གང་ལྟར་ལེགས་ཉེས་དབྱེ་བ་འབྱེད་ཐུབ་རྒྱུར་དང་ཐོག་ལེགས་ཉེས་གང་ཡིན་གྱི་གནས་ཚུལ་དེའི་དོན་གྱི་ངོ་བོ་དེ་ཤེས་དགོས་པ་རེད། དེར་བརྟེན་གནས་ཚུལ་དེ་ཚོའི་སྐོར་ལྟ་བུ་ཡིན་ན། བར་ལམ་ནས་ངས་བལྟས་ཏེ་གང་ཤེས་པ་དང་མཐོང་བ་དེའི་གནས་ཚུལ་དེ་དག་ཁྱེད་ཚོར་བཤད་ཀྱི་ཡོད་པ་རེད། ཁྱེད་ཚོའི་ཆོས་དགེ་རྣམ་པས་ཀྱང་དེ་ཚོའི་སྐོར་ལ་དོ་སྣང་གནང་ནས་སློབ་ཕྲུག་རྣམ་པར་གནས་ཚུལ་དེའི་བྱུང་རིམ་དང་བྱུང་སྟངས་དེ་ཚོ་ཚང་མ་ངོ་སྤྲོད་གནང་རྒྱུ་དང་། ཁྱེད་ཚོར་ཡང་གནས་ཚུལ་ཤེས་པའི་ཐོག་ནས་ལེགས་ཉེས་ཀྱི་བློ་ཞིག་སླེབས་ཀྱི་རེད། དེ་སླེབས་དུས་སོ་སོས་ཤེས་པ་ཙམ་དུ་མ་ཟད་གཞན་མི་ཤེས་མཁན་ཞིག་ལའང་ལམ་སྟོན་བྱེད་ཐུབ་པ་ཞིག་དང་། འདི་ཡིན་དང་དེ་མིན་གྱི་དབྱེ་བ་འབྱེད་ཐུབ་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་འདི་འདྲ་རེད། ཆོས་ཀྱི་ཐོག་ནས་ཀྱང་གནས་ཚུལ་འདི་འདྲ་རེད། ཆབ་སྲིད་ཀྱི་ཐོག་ནས་ཀྱང་གནས་ཚུལ་འདི་འདྲ་རེད་ཅེས་གཞན་ལ་ཕར་འགྲེལ་བཤད་རྒྱག་ཐུབ་པ་ཞིག་བྱས་པ་ཡིན་ན་ཁྱེད་ཚོའི་ལོ་ནའི་སྐབས་ནས་བྱས་ཏེ་ཡར་ཆེན་པོ་ཆགས་ཡོང་དུས་རང་བཞིན་གྱིས་རྙོག་དྲ་དེ་དག་རྩ་ནས་ཆད་འགྲོ་གི་རེད། ད་ལྟ་སྟེན་མཁན་འགའ་ཤས་ཤིག་ལས་ཡོད་པ་མ་རེད། དེ་དག་ལ་བདག་པོ་རྒྱག་མཁན་མེད་པ་ཡིན་ན་དེར་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། རྒྱ་གཞུང་གིས་ཁོང་ཚོ་བེད་སྤྱོད་གཏོང་བའི་སྐབས་སུ་གཏོང་གི་རེད། བཏང་ཚར་བའི་རྗེས་སུ་བདག་པོ་རྒྱག་གི་མ་རེད། ཡ་བྱེད་ཀྱི་མ་རེད། ནང་པ་ཞིག་ཡིན་པའི་ཆ་ནས་སོ་སོའི་ལས་རྒྱུ་འབྲས་ལ་ལྟ་སྐབས་དེ་བསླུ་བ་མེད་པ་ཡིན་དུས། མ་འོངས་པར་འབྲས་བུ་ཞིག་སྐྱེ་བ་འདི་དང་དེ་མིན་གང་ཡིན་རུང་ཚེ་རབས་ནས་ཚེ་རབས་བྱས་ཏེ་ཡོང་རྒྱུ་ཡིན་པ་དེ་གསལ་པོ་རེད། ད་དུང་གནས་ཚུལ་འདིའི་རིགས་སྐྱེ་བ་འདི་རང་ལ་སྨིན་གྱི་མི་འདུག་གམ། རྟགས་དང་མཚན་མ་དེ་ཚོ་ཡོང་གི་ཡོད་དུས། སློབ་ཕྲུག་གི་ངོས་ནས་ཞབས་འདེགས་ག་རེ་ཞུ་ཐུབ་ཀྱི་རེད་དམ་ཟེར་དུས་ཁྱེད་ཚོ་སློབ་སྦྱོང་མ་བྱས་པར་དོལ་རྒྱལ་སྐོར་ལ་ཕར་ཚུར་ཤོད་ལ་རྒྱུགས་ཟེར་གྱི་ཡོད་པ་མ་རེད། སློབ་ཕྲུག་གི་ངོས་ནས་གནས་ཚུལ་དེའི་སྐོར་ཤེས་པར་བྱས་ཏེ་སོ་སོ་རང་ཉིད་ཀྱི་ངོས་ནས་ཧ་ཅང་གི་ཐག་ཆོད་པོ་མི་ཚེ་ཧྲིལ་པོར་ང་ནང་པའི་ཆོས་པ་ཞིག་ཡིན་ན་འདི་དང་དེ་བྱེད་རུང་གི་མི་འདུག་ཅེས་ཐག་བཅད་དེ་ལྷ་དང་། འདྲེ་དང་། སྲིན་པོ་དང་ཟེར་བ་དེ་ཚོ་ཐག་རིང་པོར་བཞག་སྟེ་བྱེད་དགོས་པའི་དོན་དེ་གསལ་པོ་ཆགས་པ་ཡིན་ན་དེས་དོན་གོ་ཆོད་པ་རེད་སྙམ་གྱི་འདུག རིམ་པས་དེ་ཚོའི་གནད་དོན་ལ་བལྟས་ཏེ་ཕྲན་བུའི་ཤུགས་ཆེ་ཙམ་སྦྱངས་ནས་གཞན་ལ་ཡང་བཤད་ཐུབ་པ་ཆགས་ན་ཁྱེད་ཚོ་སློབ་ཕྲུག་ཚོས་ཞབས་འདེགས་ཆེན་པོ་ཞུ་གི་ཡོད་པ་རེད་ཅེས་ཞུ་རྒྱུ་དང་།

དེ་ནས་གཞུང་གི་ངོས་ནས་ཐབས་ལམ་ག་རེ་སྤེལ་རྒྱུ་ཡོད་པ་རེད་དམ་ཟེར་བ་དེ་རེད། གཞུང་གི་ངོས་ནས་དྲི་བ་མཐའ་མ་དེ་དང་ཡང་འབྲེལ་བ་ཞིག་ཆགས་ཀྱི་འདུག་ལ། ད་ལྟ་དོལ་རྒྱལ་གྱི་སྐོར་ལ་གནས་ཚུལ་བཤད་ཡོང་དུས་མང་པོ་ཞིག་དང་འབྲེལ་བ་ཆགས་ཀྱི་རེད་བསམ་གྱི་འདུག དྲི་བ་མཐའ་མ་དེ་ལྟ་བུར་ཆ་མཚོན་ན་གནས་སྟངས་མི་འདྲ་བ་ཁག་གཉིས་ཆགས་ཀྱི་འདུག གཅིག་དེ་དོལ་རྒྱལ་སྟེན་མཁན་དང་། གཞན་དེ་དེང་སྐབས་ཆབ་སྲིད་པས་བེད་སྤྱོད་གཏོང་བའི་གནས་སྟངས་ཤིག་ཆགས་ཡོང་སྐབས་བར་ལམ་ཞིག་ནས་དོལ་རྒྱལ་སྟེན་མཁན་ཚོས་ག་རེ་བཤད་ཀྱི་ཡོད་པ་རེད་ཅེ་ན། ང་ཚོའི་ཕྲུ་གུ་གཞུང་གི་སློབ་གྲྭ་ནས་ཕུད་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད།  བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་མི་སུམ་ཅུ་སོ་གྲངས་ཀྱི་མིང་ཡོད་པ་དེ་དག་ནས་གཉིས་ཙམ་ཞིག་སུ་ཇ་ནས་རེད་འདུག ཡང་ན་རྡ་ས་བོད་ཁྱིམ་གྱི་སློབ་གྲྭ་དང་འབྲེལ་བ་ཡོད་པའམ་བོད་ཁྱིམ་གྱི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་འཇུག་མྱོང་ཡོད་པའི་ཕ་མ་དེ་འདྲས་ཀྱང་དེང་སྐབས་༸རྒྱལ་བ་རིམ་པོ་ཆེར་ངོ་རྒོལ་བྱས་ཏེ་སྐད་རྒྱག་མཁན་དེ་འདྲ་ཡང་ཡོང་གི་འདུག ང་ཚོའི་སྤྱི་ཚོགས་རིམ་པ་མང་པོ་ཡིན་དུས། ད་ལྟ་ང་ཚོ་བོད་ཕྲུག་ཁྱིམ་སྡེའི་ནང་དུ་འཚོགས་བཞིན་པ་ཡིན་སྟབས་དེ་འདྲའི་གནས་ཚུལ་ཡང་ཡོང་གི་འདུག ཁོང་ཚོས་བཤད་པར་ང་ཚོའི་ངོས་ནས་གདུག་རྩུབ་བྱེད་ཀྱི་འདུག དྲག་གནོན་བྱེད་ཀྱི་འདུག ང་ཚོའི་སློབ་ཕྲུག་ཚོ་སློབ་གྲྭ་ནས་ཕུད་ཀྱི་འདུག ང་ཚོ་ཕྱི་རྒྱལ་ལ་འགྲོ་རྒྱུའི་རྒྱབ་གཉེར་ཡིག་ཆ་སྤྲོད་ཀྱི་མི་འདུག་ཅེས་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཁོང་ཚོས་བཤད་ཀྱི་འདུག དེ་སྤྱི་ཡོངས་ཀྱི་སྐད་ཆ་ཡིན། གོང་དུ་ཞུས་ཐོའི་ནང་གི་མི་འགའ་ཤས་ད་ཆ་ཧྤ་རན་སིར་གསར་པ་སླེབས་པའི་དོལ་རྒྱལ་སྟེན་མཁན་མང་པོ་ཞིག་འདུག ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་སྦེལ་ལ་ཆིབས་སྒྱུར་གནང་བའི་སྐབས་ཀྱི་ངོ་རྒོལ་བྱེད་མཁན། དེ་ཚོའི་གྲས་དེ་དག་ཧྤ་རན་སི་ལ་གང་འདྲ་བྱས་ནས་སླེབས་པ་རེད་དམ། IC ཁྱེར་ནས་སླེབས་པ་མ་རེེད་དམ། IC ཞུ་རྒྱུའི་རྒྱབ་གཉེེར་དེ་ང་ཚོའི་ས་གནས་བོད་མིའི་སྒྲིག་འཛུགས་ཀྱི་ཡན་ལག་ཅིག་གིས་རྒྱབ་གཉེར་བྱས་པ་ལ་བརྟེན་ནས་འགྲོ་གི་ཡོད་པ་རེད་མ་གཏོགས། གཞན་པ་འགྲོ་ས་ཡོད་པ་མ་རེད། དེ་འདྲའི་དོལ་རྒྱལ་སྟེན་མཁན་ལ་ང་ཚོས་བཅག་བཅག་བྱས་ཏེ་ཕར་སྤྱི་ཚོགས་ནས་ཕུད་པའི་གནས་སྟངས་ཆགས་ཡོད་མ་རེད། སློབ་ཕྲུག་སློབ་གྲྭ་ནས་ཕུད་པ་ཡོད་མ་རེད། གང་ལྟར་ཁོང་ཚོས་དེ་བརྗོད་ཀྱི་ཡོད་ན། སུ་དང་སུ་ཕུད་འདུག་གམ། དུས་ཚོད་ག་དུས་ཕུད་འདུག སུ་ལ་མཐུན་རྐྱེན་སྦྱར་མི་འདུག གནས་ཚུལ་དེ་འདྲའི་རིགས་བྱུང་བ་ཡིན་ན། དེ་ལ་དཔག་པའི་ང་ཚོས་ལན་འདེབས་རྒྱུ་ཞིག་ཡོད་པ་རེད།

ད་ཆ་དབྱེ་བ་གཉིས་ཆགས་ཀྱི་འདུག་ཟེར་བ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལ་ཐབས་ཤེས་ག་རེ་ཡོད་རེད་དམ་ཞེས་པར། བོད་མི་ཡིན་པ་ལ་དོལ་རྒྱལ་སྟེན་མཁན་ཡིན་པ། རྩ་བའི་ཆོས་བྱེད་དང་མི་བྱེད་དེ་གང་ཟག་སོ་སོ་སོ་སོའི་འདོད་པ་ལྟར་རེད་ལ། འདོད་པ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེས་ཆོས་དད་རང་མོས་གསུངས་པའི་སྐབས་སུ་ང་ཚོས་མཐོང་ཚུལ་ལྟར་ན་༸རྒྱལ་བ་རིན་པོ་ཆེས་ད་ལྟའི་དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་གནས་ཚུལ་དེར་ལོ་དང་ལོ་བསྟུད་དེ་ཐུགས་ཐག་ཆོད་པོའི་ཐོག་ནས་གནང་བ་དེས་དམ་པའི་ཆོས་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད་སྙམ་གྱི་ཡོད་པ་རེད། དེས་དམ་པའི་ཆོས་སྲུང་སྐྱོང་བྱ་རྒྱུའི་སྐད་ཆ་དེ་ཡང་གཅིག་སླེབས་ཡོང་གི་འདུག དེ་འདྲའི་གནས་ཚུལ་ཡང་ཡོད་པ་རེད། མི་དཀྱུས་མའི་ནང་དུ་ཁྱེད་ཚོས་དོལ་རྒྱལ་བསྟེན་ན་རྩ་ནས་འགྲིག་གི་མ་རེད་ཅེས་༸རྒྱལ་བ་རིན་པོ་ཆེས་དུས་ནམ་ཡང་གསུངས་ཡོད་པ་མ་རེད་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དུས་ནམ་ཡང་བཤད་ཀྱི་ཡོད་པ་མ་རེད། གོང་དུ་ཁྱེད་ཚོར་ཞུས་པ་ལྟར་ཕྱི་ལོ་ ༡༩༩༦ ལོར་གྲོས་ཆོད་དང་པོ་བཞག་པ་དེའི་ནང་དུ་གསང་སྔགས་ཀྱི་སྡོམ་པ་ཞུས་པ་ཡིན་ན་ཕེབས་ཆོག་གི་མ་རེད་ཅེས་པ་དེ་དང་། ཕྱི་ལོ་ ༡༩༩༧ གྱི་གྲོས་ཆོད་དེའི་ནང་དུའང་གསང་སྔགས་དང་སོ་ཐར་གྱི་སྡོམ་པ་ཞུས་པ་ཡིན་ན་འགྲིག་གི་མ་རེད་ཅེས་པ། ད་ལྟའི་དུས་ཚོད་ལྟ་བུར་ཆ་མཚོན་ན་༸རྒྱལ་བ་རིམ་པོ་ཆེས་གསུང་ཆོས་ག་པར་གནང་གི་ཡོད་པ་ཡིན་ནའང་དོལ་རྒྱལ་རྗེས་འབྲང་པ་དེའི་ནང་དུ་ཡོང་ཆོག་གི་མ་རེད་ཅེས་པ་དེ་རེད།

གོང་དུ་དྲི་བ་གཞན་ཞིག་ཏུ་བླ་སློབ་དང་འབྲེལ་བའི་སྐོར་དེར། དོལ་རྒྱལ་སྟེན་མཁན་ཞིག་ཡིན་ན། བླ་མ་ལས་འདྲེ་རྩ་ཆེ་བ་བརྩི་མཁན་ཆགས་ཀྱི་ཡོད་པ་རེད། བླ་མ་ལས་འདྲེ་རྩ་ཆེ་བར་སྟེན་མཁན་ཞིག་ཆགས་ཀྱི་ཡོད་དུས། ཆོས་དད་རང་མོས་ཀྱི་སྐད་ཆ་བཤད་རྒྱུ་ལྟ་ཅི། ༸རྒྱལ་བ་རིན་པོ་ཆེ་ལས་འདྲེ་གལ་ཆེ་བ་བརྩི་གི་ཡོད་ན། ༸རྒྱལ་བ་རིན་པོ་ཆེའི་དྲུང་ནས་གསུང་ཆོས་ཞུ་དགོས་དོན་མི་འདུག དོན་དངོས་སུ་དེ་ལ་ཆོས་དད་ཡོད་མེད་ཀྱི་སྐད་ཆ་ཤོད་དགོས་པའི་གནས་སྟངས་ཀྱང་ཆགས་ཀྱི་མི་འདུག དེར་བརྟེན་ཆབ་སྲིད་དང་འབྲེལ་བ་མེད་མཁན་དོལ་རྒྱལ་སྟེན་མཁན་ཁག་གཅིག་ལ་ཡིན་ནའང་སུ་གང་གིས་དེར་བཙན་དབང་བྱེད་མཁན་ཡོད་པ་མ་རེད། གང་ལྟར་སོ་སོའི་མི་ཚེ་འདིར་དོལ་རྒྱལ་བློས་གཏོང་ཐུབ་ས་མ་རེད། ངས་བླ་མའི་དྲུང་ནས་སྲོག་གཏད་ཞུས་པ་ཡིན། བླ་མས་མཚམས་བཞག་ཟིན་ཡང་སོ་སོ་རང་ཉིད་ད་དུང་མུ་མཐུད་དེ་འགྲོ་མཁན་གྱི་གནས་ཚུལ་དེ་ཡོད་པ་ཡིན་ན། དེར་འགྲོ་རྒྱུ་རེད། འགྲོ་མཁན་དེར་ང་ཚོས་ཁྱེད་ཚོར་རྒྱབ་གཉེར་ཡིག་ཆ་སྤྲོད་ཀྱི་མིན། བོད་པ་ཚོ་བོད་པའི་ཁོངས་སུ་འཇོག་གི་མ་རེད། ཁྱེད་ཚོས་དང་བླངས་དཔྱ་དངུལ་ཕུལ་ཆོག་གི་མ་རེད་ཅེས་རྩ་བ་ཉིད་ནས་བརྗོད་ཀྱི་ཡོད་མ་རེད། དེར་བརྟེན་དེ་དེ་ག་རང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལྟ་སྟངས་དེ་འདྲ་ཞིག་ཆགས་ཡོད་པ་རེད། དོལ་རྒྱལ་སྟེན་དགོས་པ་ལ་༸རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་ཡང་ཡོང་དགོས་པའི་གནས་ཚུལ་འགའ་ཤས་ཡོད་པ་རེད། དེ་འགའ་ཤས་ཀྱིས་ཀྱག་ཀྱག་རང་བྱེད་ཀྱི་ཡོད་པ་རེད། མ་བྱེད་ཅེས་པ་དེ་རྐང་བཙུགས་ནས་བྱེད་ཀྱི་ཡོད་པ་རེད། དེ་ཡིན་དུས་དེ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་བླ་མ་དང་སློབ་མ་གཉིས་ཀའི་དམ་ཚིག་ལ་གནོད་སྐྱེལ་གྱི་ཡོད་པ་དང་། བླ་མའི་སྐུ་ཕྱྭ་ལ་གནོད་ཀྱི་ཡོད་པ་དེ་ཤེས་ཀྱིན་ཤེས་ཀྱིན་ལ་རྐང་བཙུགས་ནས་བྱེད་མཁན་དེ་འདྲའང་ཡོང་གི་ཡོད་པ་རེད། དེང་སྐབས་མང་ཆེ་བས་དོལ་རྒྱལ་སྐོར་ག་ཚོད་ཙམ་ཤེས་རྟོགས་ཐུབ་ཀྱི་ཡོད་མེད་གང་ཤེས། རང་ཉིད་ཀྱིས་སྒོམ་རྒྱག་པའི་སྐབས་སུ་དོལ་རྒྱལ་སྒོམ་གྱི་ཡོད་མེད་གང་ཤེས། དོལ་རྒྱལ་དངོས་གནས་སྟེན་གསོལ་ཞུ་གི་ཡོད་མེད་གང་ཤེས། ཡིན་ནའང་རྒྱ་མིའི་ཆབ་སྲིད་ཀྱི་ལག་ཆ་ཁོ་ན་བྱས་ཏེ་འགྲོ་མཁན་དེ་དག་ནི། གོང་དུ་ཞུས་པ་ལྟར་ང་ཚོས་ངོས་འཛིན་བྱ་རྒྱུར་ལོ་རྒྱུས་སུ་ནག་ཉེས་ཅན་རེད་ཅེས་ངོས་འཛིན་བྱ་རྒྱུ་ཞིག་ལས་ཁྱེད་ཚོ་གསད་གཏུབ་བྱ་རྒྱུ་ཡིན་ཞེས་པ་ཡོང་ཐབས་ཡོད་པ་མ་རེད། དེར་བརྟེན་ང་ཚོའི་ལངས་ཕྱོགས་དེ་སྤྱི་ཚོགས་ནང་ལ་དབྱེ་བ་གསལ་པོ་ཞིག་ཕྱེ་ནས་སུས་གང་བྱེད་ཀྱི་ཡོད་པ་དེ་དག་ངོ་རྟགས་ཆོད་པའི་ཐོག་ནས་ཉུང་ཉུང་དེ་མེད་པ་བཟོ་རྒྱུའི་ཐབས་ཤེས་བྱ་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད་པ་རེད་སྙམ་གྱི་འདུག ཆབ་སྲིད་དང་འབྲེལ་བ་ཡོད་པའི་བཟོ་འདྲ་པོ་ཚོ་ཡིན་ནའང་ཁོང་ཚོས་རྒྱལ་སྤྱིའི་ཐོག་ལ་ངོ་རྒོལ་བྱ་རྒྱུའི་ཆོག་མཆན་ཞུས་པ་ཡིན་ན་ངོ་རྒོལ་བྱེད་ཆོག་གི་ཡོད་པ་རེད། དེའི་རང་དབང་གི་ཁེ་དབང་དེ་བེད་སྤྱད་ནས་རྒྱ་ནག་ལ་མགོ་བཏགས་ཏེ་འགྲོ་གི་ཡོད་པ་རེད། དེ་ཆོས་གཅིག་པོའི་གནད་དོན་མ་ཡིན་ལ། དོལ་རྒྱལ་སྟེན་མཁན་ཙམ་མ་ཡིན་པ་དོལ་རྒྱལ་མི་སྟེན་མཁན་གྱི་ནང་ནས་ཀྱང་རྒྱ་ནག་ལ་མགོ་བཏགས་ནས་འགྲོ་མཁན་དེ་འདྲ་ཡང་ཡོད་པ་རེད། ཁྱེད་ཚོས་ཤེས་པ་བྱེད་དགོས་པ་རེད། དོལ་རྒྱལ་དང་འབྲེལ་བ་མེད་པ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་ལ་མགོ་བཏགས་ནས་འགྲོ་མཁན་དེ་འདྲའི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་རེད། སུད་སི་ལན་ཀྲིར་གནས་ཚུལ་ཡོང་གི་ཡོད་པ་རེད། དེ་བཞིན་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་ཐོག་ནས་ཀྱང་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་སུད་སི་རེད། བལ་ཡུལ་རེད། དབྱིན་ཇིའི་ལུང་པ་རེད། ཨོ་སི་ཊོ་ལི་ཡ་རེད། དེ་ཚོ་ནས་ཀྱང་གནས་ཚུལ་མང་པོ་ཡོང་གི་ཡོད་པ་རེད། དེ་ཚོའི་གྲས་ལའང་ངས་དུས་རྒྱུན་དུ་ནས་འཛིན་སྐྱོང་བཀའ་ཤག་གིས་དེ་ཚོར་སྲིད་བྱུས་གཏན་འབེབས་ཤིག་ཡོད་པ་ཡིན་ན། ཡག་པོ་ཡོད་པ་རེད་ཅེས་ཞུ་བཞིན་ཡོད་ཀྱང་ད་ལྟ་དམིགས་སུ་བཀར་ནས་འདི་དང་འདི་ཡིན་ཞེས་དབྱེ་བ་འབྱེད་ཐུབ་རྒྱུ་དེ་ཁག་པོ་རེད། བོད་ལ་འགྲོ་མཁན་དང་རྒྱ་ནག་གི་གཞུང་ཚབ་ཁང་ལ་འགྲོ་མཁན་དང་། དེ་བཞིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་འགྲོ་མཁན་དང་དེ་འདྲའི་རྣམ་གྲངས་དབྱེ་བ་མང་པོ་ཞིག་ཡོད་པ་རེད། འགའ་ཤས་ཤིག་སོ་སོ་སོ་སོའི་ཕ་མར་ཐུག་འཕྲད་ལ་འགྲོ་གི་ཡོད་པ་རེད། འགའ་ཤས་བོད་ནང་ལ་སྤྱི་ཚོགས་དང་འཕྲོད་སྟེན། ཤེས་ཡོན་དེ་འདྲའི་ལས་འགུལ་སྤེལ་རྒྱུའི་ཆེད་དུ་འགྲོ་དགོས་མཁན་དེ་འདྲ་ཡོད་པ་རེད། འགའ་ཤས་རྒྱ་ནག་རང་ལ་མགོ་བཏགས་ནས་འགྲོ་མཁན་དེ་འདྲའང་ཡོད་པ་རེད། འགའ་ཤས་དོལ་རྒྱལ་དང་འབྲེལ་བའི་ཐོག་ནས་མགོ་བཏགས་ནས་འགྲོ་མཁན་ཡང་ཡོད་པ་རེད། དེ་འདྲ་ཡོད་པ་ཡིན་དུས་ཆབ་སྲིད་དང་འབྲེལ་བ་ཡོད་པ་དེ་དག་ལ་ང་ཚོས་མཐའ་གཅིག་ཏུ་ཆབ་སྲིད་ཀྱི་གནད་འགག་གི་ཐོག་ནས་དགག་བྱ་བྱ་རྒྱུ་དང་། མང་ཚོགས་ཀྱི་ནང་ནས་ཤེས་པ་བྱེད་དགོས་པ། ད་ལྟའི་བོད་མིའི་དྲ་རྒྱའི་ནང་ལ་མིང་བཏོན་པ་དེ་དག་གི་ཐོག་ལ་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པ་འདྲ། ཕ་ཡུལ་གྱི་མིང་བཀོད་དང་མ་བཀོད་དེ་འདྲའི་གནས་ཚུལ་འདྲ་པོ་ཡོང་གི་ཡོད་པ་འདྲ། ཡིན་ནའང་གསལ་པོ་ཞུ་རྒྱུ་ཞིག་ལ་གང་ལྟར་སྔོན་མ་ཤར་རྩེ་གྲྭ་ཚང་གི་གྲྭ་པ་ཟུར་པ་ཞེས་བརྗོད་སྐབས་ད་ལྟའི་ཤར་རྩེ་གྲྭ་ཚང་ནང་གང་ཡོད་པ་དེ་དག་གཙང་མ་གཙང་རྐྱང་ཆགས་ཟིན་པ་རེད། དེ་ནས་མར་བཏོན་པ་དེ་གནས་ཚུལ་ཁ་ཁག་རེད། སེ་ར་སྨད་དུ་ཡིན་ནའང་སྨད་ཀྱི་སྤོམ་ར་ཁང་ཚན་དང་དེ་མིན་ཁང་ཚན་གང་ཡིན་ནའང་གཙང་མ་ཆགས་ཟིན་པ་རེད། དོལ་རྒྱལ་སྟེན་མཁན་ཁོ་རང་ཚོ་མར་ཟུར་དུ་ཐོན་ཟིན་པ་རྣམས་གནས་ཚུལ་ཁ་ཁག་རེད་མ་གཏོགས། ཤར་རྩེའི་གྲྭ་ཟུར་བརྗོད་པ་ཙམ་གྱིས་ད་ལྟའི་སྐབས་སུའང་ཤར་རྩེ་གྲྭ་ཚང་ལ་སྐྱོན་ཡོད་པ་དེ་འདྲའི་གནས་སྟངས་ཤོད་ཀྱི་ཡོད་པ་མ་རེད། དེ་ཡང་ངས་ཞོར་འཕྲོས་ནས་བཤད་ན་སྙམ་བྱུང་། སྤྱིར་བཏང་ནས་བླ་སློབ་གྱི་དམ་ཚིག་གི་ཐོག་ནས་བླ་མའི་སྐུ་ཕྱྭ་ལ་སྐྱོན་འགྲོ་རྒྱུ་དེ་ནམ་རྒྱུན་དུ་ཤོད་བཞིན་པ་དེ་རང་རེད། དེ་མ་ཡིན་པ་དེང་སྐབས་སྐུ་ཕྱྭའི་ཐད་ལ་གང་བྱེད་ཀྱི་ཡོད་པ་རེད་དམ་ཟེར་མཁན་ཡོད་པ་ཡིན་ན་རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་ཀྱི་ངོས་ནས་དེའི་ཐད་ལ་ IP ཡིན་ནའང་རེད། RAW ཡིན་ནའང་རེད། ARC ཡིན་ནའང་རེད་དེ་ཚོའི་ཐོག་ལ་དོ་སྣང་ཧ་ཅང་གི་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དོལ་རྒྱལ་རྗེས་འབྲངས་པ་ཚོས་གང་དང་གང་བྱེད་ཀྱི་ཡོད་མེད་དང་། ཁོང་ཚོས་འཆར་གཞི་གང་དང་གང་སྒྲིག་གི་ཡོད་མེད། ཚོགས་འདུ་གང་དུ་ཚོགས་ཀྱི་ཡོད་མེད། ཚོགས་འདུ་ཚོགས་སར་མི་སུ་དང་སུ་སླེབས་ཀྱི་ཡོད་མེད། དུས་ཚོད་ག་དུས་དང་ཉིན་གྲངས་མང་ཉུང་ག་ཚོད་ཚོགས་མིན། རྒྱའི་མི་རིགས་གང་འདྲ་ཞིག་སླེབས་ཡོད་མེད། དངུལ་གྱི་འབྱུང་ཁུངས་དེ་དག་གང་ཞིག་ནས་ཆགས་ཀྱི་ཡོད་མེད། རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་ཀྱིས་ཧ་ཅང་གི་མང་པོ་ལྟ་གི་ཡོད་པ་དང་། དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཀྱང་བཤད་པའི་གནས་ཚུལ་བར་སྐབས་ཐོན་ཡོད་པ་རེད། དེར་བརྟེན་རྒྱ་གར་ནང་ལོགས་སུ་ཆ་མཚོན་ན་རྒྱ་གར་གཞུང་རང་གིས་འགན་བཞེས་གནང་གི་ཡོད་པ་རེད། ཕྱི་རྒྱལ་ཁག་ཏུ་ཡིན་ན་རྒྱལ་ཁབ་སོ་སོ་སོ་སོའི་དབུས་དང་མངའ་སྡེ་གཞུང་གིས་སྐུ་ཕྱྭར་མཐུན་རྐྱེན་སྦྱར་དང་མ་སྦྱར་གྱི་གནས་ཚུལ་རྒྱ་ཆེ་ཆུང་མི་འདྲ་བ་མང་པོ་ཞིག་ཡོང་གི་ཡོད་པ་དང་། སྐབས་རེར་ས་གནས་འགའ་ཤས་ལ་ང་ཚོ་རང་ཉིད་དང་གདན་ཞུ་གནང་མཁན་གྱིས་གོ་སྒྲིག་ཞུ་དགོས་པའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། བར་ལམ་སན་ཕན་སི་སི་ཀོ་རུ་ཕྱི་རྒྱལ་བ་བཙུན་མ་གཉིས་ཀྱིས་༸སྐུ་མདུན་གྱི་ཉེ་འཁྲིས་སུ་བཅར་ནས་དེ་འདྲ་ཞུ་ཐུབ་པའི་གནས་ཚུལ་ཆགས་པའི་རྒྱུ་མཚན་ལ་བརྟེན་ནས་ཁ་སྔོན་བར་ལམ་དོན་གཅོད་ཁག་ཚོགས་འདུ་འཚོགས་པའི་སྐབས་སུའང་གནས་ཚུལ་འདིའི་སྐོར་ལ་ཞིབ་ཅིང་ཕྲ་བ་སྐད་ཆ་བྱུང་ཡོད། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནང་དུ་བོད་རིགས་སྤྱི་མཐུན་ཚོགས་པ་མང་པོ་ཞིག་ཡོད་པ་རེད། ༸རྒྱལ་བ་རིན་པོོ་ཆེ་གང་དུ་ཆིབས་བསྒྱུར་གནང་བ་ཡིན་ནའང་བོད་རིགས་སྤྱི་མཐུན་ཚོགས་པ་དང་དེ་དག་ལ་འགན་མང་པོ་ཞིག་རེད། ཁོང་ཚོ་ལ་ཡང་གཟབ་གཟབ་ཏིག་ཏིག་བྱེད་དགོས་པའི་ལམ་སྟོན་ཡག་ཐག་ཆོད་ཕྱིན་ཡོད་པ་རེད། དེ་བཞིན་དེང་སྐབས་བོད་རིགས་ཉེན་རྟོག་པའི་ཁོངས་སུ་ཡོད་པ་དེ་འདྲ་ཡང་ཡོད་པ་རེད། ཁ་ན་ཊར་ཡོད་པའི་བོད་པའི་ཉེན་རྟོག་པ་ཞིག་གིས་ཁོང་རང་ཉེན་རྟོག་པའི་ནང་དུ་ལས་ཀ་བྱེད་ཀྱི་ཡོད་པ་ཡིན་སྟབས་༸སྐུ་མདུན་ཆིབས་བསྒྱུར་གྱི་སྐབས་ལྟ་བུ་ཡིན་ན། ཁོང་རང་གི་སྒེར་དགོངས་ཞུས་ཏེ་༸སྐུའི་སྲུང་བྱའི་ལས་ཀ་དེ་འདྲ་བྱེད་པའི་སྐབས་སུ་ཁོ་རང་གིས་ཀྱང་སེམས་འཚབ་ཆེན་པོའི་ཐོག་ནས་ང་ཚོ་ཕ་གིར་ཕྱིན་པའི་སྐབས་སུ་བཤད་ཀྱི་འདུག དཔེར་ན། ང་རང་ཚོ་བོད་པ་རང་ལ་ང་ཚོས་ཡིད་ཆེས་བྱས་ཏེ་༸སྐུ་མདུན་ཆིབས་བསྒྱུར་གནང་བའི་སྐབས་སུ་བོད་པ་བཅུ་ཙམ་ཡོད་ན་འགྲིག་གི་མེད་དམ་ཞེས་བརྗོད་པའི་སྐབས་སུ་དེ་ཚོའི་གྲས་ཀྱི་རྒྱབ་ལྗོངས་ལ་ཡག་པོ་བྱས་ནས་བལྟ་གི་མི་འདུག དེ་ཚོའི་རྒྱབ་ལྗོངས་ལ་བལྟ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག་ཅེས་དང་། ༸རྒྱལ་བ་རིན་པོ་ཆེས་སྔོན་མ་ནས་བཀའ་གནང་གི་ཡོད་པ་རེད། ༸རྒྱལ་བའི་སྐུ་ཕྱྭ་ལ་བར་ཆད་བྱུང་ཟེར་བ་དེ་མེ་མདའ་དང་གྲི་དེ་འདྲ་གཅིག་པོས་མ་རེད་དོ་ཞེས་དང་།

བར་སྐབས་ང་ཕོ་བྲང་དུ་༸སྐུའི་མདུན་ལ་བཅར་བའི་སྐབས་སུའང་བཀའ་གནང་གི་འདུག དེ་བར་སྐབས་ཤིག་ནས་ངས་མང་ཚོགས་ལ་ཡང་མར་མང་པོ་བཤད་ཡོད། བྱས་ཙང་ང་ཚོ་དམ་ཉམས་ཀྱི་སྤྱི་ཚོགས་ཤིག་ཆགས་ཀྱི་འདུག་གོ་ཞེས་པ་ཞིག དམ་ཉམས་ཀྱི་སྤྱི་ཚོགས་ཞེས་སྤྱི་ཡོངས་ནས་བཤད་པ་ཡིན་སྟབས་མང་པོ་ཞིག་ལ་སོ་སོ་སོ་སོར་ཕོག་ནས་ང་ཚོ་དམ་ཉམས་ཅི་ཡང་མིན། ཚོགས་གཙོས་ག་རེ་བྱས་ནས་བཤད་ཀྱི་ཡོད་པ་རེད་དམ་ཞེས་པའི་བཟོ་འདྲ་པོ་དེ་འདྲ་བཤད་ཡོང་གི་འདུག། དེ་རྒྱུག་པ་ལེབ་རྡུང་གི་སྐད་ཆ་དེ་འདྲ་གང་ཡང་མ་རེད། ཡིན་ནའང་དེ་སོ་སོ་སོ་སོས་བསམ་བློ་གཏོང་དགོས་པ་རེད། སོ་སོའི་རྩ་བའི་བླ་མ་དང་མཉམ་དུ་དམ་ཚིག་ཉམས་ཀྱི་འདུག་དང་མི་འདུག་སོ་སོ་སོ་སོས་བསམ་བློ་གཏོང་དགོས་པ་རེད་མ་གཏོགས། གཞན་ཞིག་གིས་ཐག་གཅོད་རྒྱུ་ཞིག་མ་རེད། དེ་འདྲའི་སྤྱི་ཚོགས་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཞིག་ཡོང་གི་ཡོད་པ་དེ་ང་ཚོ་ཚང་མས་ཤེས་དགོས་པ་དེ་གལ་ཆེན་པོ་རེད་སྙམ་གྱི་འདུག དེ་ཡིན་དུས་སྐུ་ཕྱྭའི་སྐོར་ལ་རྒྱ་གར་གཞུང་གི་ཡིན་ནའང་རེད། ཕྱི་རྒྱལ་དུ་ཡིན་ནའང་རེད་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་དུ་བདེ་སྲུང་ལས་ཁུངས་ལ་ནམ་རྒྱུན་དུ་འབོད་བསྐུལ་ཞུ་རྒྱུ་དེ་ག་རང་རེད། དཔེར་ན། ཁྱེད་རང་ཚོ་ད་ལྟ་སློབ་ཕྲུག་ཡིན་པའི་གནས་སྐབས་སུ་གོང་དུ་ངས་བཤད་པ་ལྟར་སུ་ཇའི་ཕྲུ་གུ་གཉིས་ཀྱིས་ཀྱང་༸རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་མི་འདུག་གམ། དེ་ཚོའི་གྲས་དེ་དག་སློབ་ཕྲུག་ཡིན་པའི་སྐབས་སུ་དོ་སྣང་ཕྲན་བུ་ཡོད་ཀྱི་རེད། ཁོ་སློབ་གྲྭ་ཐོན་མ་ཐག་གཞན་ཞིག་གི་བསླུ་བྲིད་བྱས་པ་དེ་གཅིག་པོ་ཡིན་གྱི་མ་རེད་སྙམ་གྱི་འདུག ས་བོན་འདྲ་པོ་དེའི་སྐབས་ནས་ཡོད་ཀྱི་རེད་སྙམ་གྱི་འདུག དེ་ཡིན་དུས་སློབ་ཕྲུག་ནང་ཁུལ་དུ་ནམ་རྒྱུན་དུ་སློབ་ཕྲུག་ཁྱད་མཚར་པོ་བྱེད་སྟངས་དང་ཀུན་སྤྱོད་མི་འདྲ་བ་ཞིག་ཡོད་པ་ཡིན་ན། དེ་ཚོའི་གྲས་དེ་དག་ལ་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་སྔ་བདེ་སྲུང་གི་དྲུང་ཆེ་ཞིག་གི་སློབ་ཕྲུག་ཚོ་ལ་ཟབ་སྦྱོང་སྤྲོད་པའི་སྐབས་སུ་ལབ་པ་ཞིག་ཡོད་པ་རེད། ང་ལ་མིག་གཉིས་དང་ལག་པ་གཉིས་མ་གཏོགས་ཡོད་མ་རེད། གལ་སྲིད་ཁྱེད་རང་ཚོའི་མིག་ང་ལ་གཡར་བ་ཡིན་ན་མིག་སྟོང་ཕྲག་ག་ཚོད་ཙམ་ཆགས་ཀྱི་རེད་དམ། ཞེས་པ་འདྲ་པོ་ཞིག་རེད། དེར་བརྟེན་སློབ་ཕྲུག་ཚོའི་ངོས་ནས་ཡིན་ནའང་སྤྱི་ཚོགས་ཀྱི་ནང་དུ་གང་དང་གང་ཡོང་གི་ཡོད་མེད་དང་ཆགས་ཀྱི་ཡོད་མེད་དེ་ཚོའི་ཐོག་ལ་དོ་སྣང་དང་གཟབ་གཟབ་བྱས་ཏེ་ཕྲན་བུའི་མི་མཐུན་པ་འདྲ་པོ་ཡོང་གི་འདུག་ན། དེར་དོགས་པ་བྱེད་དགོས་ས་ཞིག་རེད་སྙམ་པ་འདྲ་བྱུང་ན། དེ་ཁུངས་སོ་སོ་སོ་སོར་ལབ་པ་ཡིན་ན། དེས་དེའི་སྐབས་སུ་ཕན་ཐོགས་གི་རེད། དེ་ཡིན་དུས་གནས་ཚུལ་གོ་བ་དང་མཐོང་བ་དེ་དག་ཚང་མར་མི་མང་གི་ངོས་ནས་ཀྱང་འབད་བརྩོན་བྱེད་དགོས་པའི་ཐབས་ལམ་དེ་འདྲ་ཏན་ཏན་ཡོད་པ་རེད་སྙམ་གྱི་འདུག ཕལ་ཆེར་དྲིས་ལན་དེ་འདི་དག་གི་ནང་དུ་བསྡུས་པ་ཡོད་སྙམ་གྱི་འདུག གཞན་པ་ཡོད་དམ།

 

དྲི་བ། དང་པོ། ངའི་དྲི་བ་དེ། གང་དང་འབྲེལ་ཆགས་ཀྱི་འདུག་ཅེ་ན། ད་ལྟ་ཚོགས་གཙོ་མཆོག་གི་གསུངས་པ་ལྟར་སན་ཕན་སི་སི་ཀོ་རུ་གནས་ཚུལ་བྱུང་བ་དེ་དང་འབྲེལ་བ་ཆགས་འདུག ཕ་གིར་དབྱིན་ཇིའི་བཙུན་མ་གཉིས་ཀྱིས་༸གོང་ས་མཆོག་མར་ཕེབས་པའི་སྐབས་སུ་ཉེ་འགྲམ་ལ་བཅར་ཏེ་༸གོང་ས་མཆོག་གི་བཀའ་སློབ་གང་གནང་བ་དེ་རྫུན་མ་རེད། བཀའ་སློབ་གནང་རྒྱུ་དེ་མཚམས་འཇོག་གནང་རོགས་ཞུས་འདུག སྐབས་དེར་ཁོང་ཚོའི་ལག་ཏུ་མཚོན་ཆ་དང་རྫས་ཀྱི་རིགས་གང་ཡང་འཁྱེར་མི་འདུག གལ་སྲིད་འཁྱེར་ཡོད་པ་ཡིན་ན་གནས་ཚུལ་དེ་འཇིགས་སྣང་ཆེན་པོ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་འདུག དེའི་ཐོག་ནས་ངས་ག་རེ་མཐོང་གི་འདུག་ཅེ་ན། ཕ་གིར་ཚོགས་པ་ཞིག་ཡོད་པ་རེད། བདེ་འཇགས་སྲུང་སྐྱོབ་བྱེད་མཁན་དེ་ཡག་པོ་ཞིག་བཞག་མི་འདུག སྔོན་མའི་བཀའ་ཤག་ལ་ཆ་མཚོན་ན་ཁ་ཐུག་གི་འགན་ཁུར་བ་དེ་ལ་ཉེས་པ་གཏོང་རྒྱུའི་ལུགས་སྲོལ་འདྲ་པོ་ཞིག་འདུག ད་ལྟའི་ཆར་གནས་ཚུལ་བྱུང་བ་དེར་ཕར་ཉེས་པ་འདྲ་པོ་བཏང་བའི་གནས་ཚུལ་མི་འདུག དེར་རྒྱུ་མཚན་འདྲ་པོ་ཡོད་པ་རེད་དམ།

 

གཉིས་པ། ང་ལ་དྲི་བ་གཉིས་ཡོད། དང་པོ་ནི། དོལ་རྒྱལ་ཚོགས་པ་བ་ཚོས་སྐད་འཕྲིན་དེ་ཚོའི་ནང་ལ་གང་བཤད་ཀྱི་འདུག་བརྗོད་ན། ཁོང་ཚོར་ཆོས་ལུགས་ཀྱི་རང་དབང་སྤྲོད་ཀྱི་མི་འདུག དེ་བཞིན་བོད་པའི་སྤྱི་ཚོགས་ནང་ནས་མར་ཕུད་ཀྱི་ཡོད་པ་རེད། གལ་སྲིད་དེ་འདྲ་ཡིན་ན་བོད་གཞུང་གི་ཡིག་ཆའི་ནང་དུ་དེ་འདྲ་བྲིས་ཡོད་པ་རེད་དམ། གལ་སྲིད་བྲིས་ཡོད་པ་ཡིན་ན་ཤ་ཁྲག་གཅིག་པའི་མི་རིགས་གཅིག་ཆགས་ཡོད་དུས་ཁོང་ཚོ་ག་རེ་བྱས་ནས་མར་ཕུད་ཀྱི་ཡོད་པ་རེད་དམ་ཞེས་ཞུ་རྒྱུ་གཅིག་ཡིན།

དྲི་བ་གཉིས་པ་ནི། བོད་གཞུང་གིས་ཁོ་ཚོར་ང་ཚོའི་ཆབ་སྲིད་ཀྱི་ཆ་རྐྱེན་མང་པོ་ཞིག་སྤྲོད་ཀྱི་འདུག དེ་ལ་མ་འོངས་པ་ཁོང་ཚོ་དང་མཉམ་དུ་འཆམ་མཐུན་བྱ་རྒྱུའི་ཁ་ཕྱོགས་དང་ལས་གཞི་གསར་པ་འདྲ་ཨེ་ཡོད་དམ་ཞེས་ཞུ་རྒྱུ་ཡིན།

གསུམ་པ། ངའི་དྲི་བ་དེ་གང་ཡིན་ཞུ་ན་ཕྱི་ལོ་ ༢༠༡༠ ཙམ་ལ་དོལ་རྒྱལ་ཚོགས་པ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་རྣམ་པ་འདྲ་པོ་ཚོར་གྱི་འདུག དེ་འདྲ་ཡིན་དུས་གལ་སྲིད་མ་འོངས་པར་ཁོང་ཚོ་ང་ཚོའི་སྤྱི་འཐུས་ཀྱི་ནང་དུ་རྐུབ་སྟེགས་འདྲ་པོ་ཞིག་སློང་ནས་ལངས་པ་ཡིན་ན་མི་སྲིད་པ་མ་རེད། རྒྱ་ནག་གི་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་ནས་དེ་འདྲ་ཆགས་པ་ཡིན་ན་མ་འོངས་པར་ང་ཚོས་འཆར་གཞི་གང་འདྲ་འདྲ་ཞིག་འདིང་རྒྱུ་ཡིན་ནམ།

བཞི་པ། ང་ལ་དྲི་བ་གཉིས་ཡོད། དེ་ནི་ག་དུས་ཡིན་རུང་རང་ཉིད་ཀྱི་སེམས་ཀྱི་ནང་དུ་ཤར་གྱི་འདུག སྐབས་རེར་དོགས་པ་ཤར་བ་དེ་དྲི་བ་བཏང་ན་གང་འདྲ་ཆགས་གི་ཡོད་དམ་སྙམ་ནས་དྲི་བ་བཀོད་ཐུབ་མ་སོང་། དེ་རིང་གི་བརྗོད་གཞི་དང་འབྲེལ་བ་ཡོད་སྟབས་དྲི་བ་དེ་ཐད་ཀར་བཀོད་ཀྱི་ཡིན། གོང་དུ་ཚོགས་གཙོ་མཆོག་གིས་ཞལ་ཐག་ཆོད་པོའི་ཐོག་ནས་གང་གསུངས་སོང་ཞེ་ན། ཚོགས་པ་འདིའི་ནང་ལ་དོལ་རྒྱལ་སྟེན་མཁན་ཡོད་པ་མ་རེད་གསུངས་སོང་། ཡིན་ནའང་ངར་དེའི་ཐད་དོགས་པ་ཡོད། དོགས་པ་ཡོད་དོན་ནི། བོད་ནས་སླེབས་པ་ཡིན་ནའང་རེད་སློབ་གྲྭ་ཁག་ལ་སློབ་ཕྲུག་སུ་ཞིག་གཏོང་སྐབས་སུ་དོལ་རྒྱལ་སྟེན་གྱི་ཡོད་མེད་དང་འབྲེལ་བ་ཡོད་མེད་ཐད་ལ་དྲི་བ་མ་དྲིས་པར། སློབ་གྲྭ་གང་དང་གང་ལ་གཏོང་དགོས་ཀྱང་དེར་ཤར་རེར་གཏོང་བ་ལས། གདན་ས་ཁག་གི་སྒྲིག་གཞི་ལྟ་བུ་སློབ་གྲྭ་ཁག་ལ་ཡོད་མ་རེད། དེ་མེད་པའི་རྐྱེན་གྱིས་ཉེ་ཆར་གྱི་གནས་ཚུལ་དེ་བྱུང་བ་རེད་སྙམ། སླད་མར་དགོན་སྡེ་ཁག་གཅིག་པོ་མ་ཡིན་པར་སློབ་གྲྭ་ཁག་དང་ཚོགས་པ་གཞན་པ་དེ་ཚོས་དོལ་རྒྱལ་སྟེན་གྱི་མེད་པའི་ཁ་གསལ་དགོས་པར་གཞུང་གི་ངོས་ནས་ཐབས་ལམ་གང་ཞིག་ཡོད་མེད་དང་།

དྲི་བ་གཞན་དེ་ང་ཚོ་ཚང་མས་ཤེས་གསལ་རེད། ཕྱི་ལོ་ ༡༩༤༩ ལོར་དབྱིན་ཇིས་རྒྱ་གར་ལ་རང་བཙན་སྤྲད་པ་ལྟར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཁ་བྲལ་དུ་ཕྱིན་ཡོད་པ་རེད། དེ་ཡང་ཆོས་ལུགས་ཀྱི་ཐོག་ནས་རེད། ག་དུས་ཡིན་རུང་ངའི་སེམས་པར་གང་དྲན་གྱི་འདུག་ཅེ་ན། གལ་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་དོལ་རྒྱལ་གྱི་དཀའ་རྙོག་དེ་སེལ་མ་ཐུབ་པ་ཡིན་ན། བོད་དེ་དུམ་བུ་གཉིས་སུ་འགྲོ་གི་རེད་དམ་མ་རེད་ཅེས་ཞུ་རྒྱུ་ཡིན།

ལན། སན་ཕན་རན་སི་སི་ཀོ་རུ་དོན་རྐྱེན་དེ་བྱུང་བའི་རྗེས་སུ་ཨ་རིའི་ནང་དུ་ཡོད་པའི་བོད་པ་མང་པོ་ཞིག་ལ་ཧ་ཅང་གི་སེམས་འཚབ་བྱུང་ནས་རྡ་རམ་ས་ལར་ཡང་ཁ་པར་གཏོང་མཁན་མང་པོ་བྱུང་བ་རེད་ལ་དེ་བཞིན་ས་གནས་ཕྱོགས་བཞུགས་སྤྱི་འཐུས་ཚོར་ཡང་འབྲེལ་བ་བྱེད་མཁན་མང་པོ་ཞིག་བྱུང་འདུག དེའི་སྐབས་སུ་འབྲེལ་ཡོད་ཀྱི་ལས་བྱེད་ཚོར་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ཟེར་མཁན་བཅས་གནས་ཚུལ་མང་པོ་ཞིག་བྱུང་བ་རེད། ཡིན་ནའང་གནས་ཚུལ་དེའི་ཐད་བཀའ་ཤག་གིས་གྲོས་ཚོགས་ཀྱི་ནང་དུ་འགྲེལ་བཤད་གནང་བར། བཙུན་མ་གཉིས་པོ་དེ་༸སྐྱབས་མགོན་རིན་པོ་ཆེ་བཞུགས་སའི་མགྲོན་ཁང་དེ་ག་རང་གི་ནང་དུ་ཡོད་པ་དང་། དེར་ཡོད་དུས་ (Lobby) ཚོམས་ཀྱི་ནང་དུ་སྡོད་ཆོག་གི་མ་རེད་ཅེས་པའི་གནས་སྟངས་དེ་ཡོད་མ་རེད། དངོས་གནས་བྱས་ན་དེའི་རྗེས་སུ་ཀྲོ་རོང་ཀྲུ་རུ་བཞུགས་མཁན་ཐེ་བོ་རིན་པོ་ཆེ་ཞུ་མཁན་ཞིག་ཡོད་པ་རེད་ཁོང་གིས་ཀྱང་ཕྱག་བྲིས་ཤིག་གནང་སོང་། སྐབས་དེར་ཁོང་རང་ཉིད་ཡོད། སྐབས་དེར་བཙུན་མ་གཉིས་དེ་ཕ་གིར་བསྡད་འདུག་པས་རྩ་བ་ན་བློ་བདེ་པོ་བྱུང་མ་སོང་། ཕ་གིའི་ས་གནས་ཀྱི་སྲུང་སྐྱོབ་བྱེད་མཁན་དེ་དག་ལ་བརྗོད་དུས་སྔོན་ལ་ཁྱེད་རང་ཕར་རྒྱུགས་ཞེས་བཤད་བྱུང་། རྗེས་སུ་ཁོང་ལ་དོགས་པ་བྱུང་བ་ལྟར་བྱུང་སོང་ཞེས་པའི་གནས་ཚུལ་དེ་འདྲ་ཡང་ཡོང་གི་འདུག ཡིན་ནའང་༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ནི་རླབས་ཆེན་རེད། ས་ཆ་གཅིག་ནས་གཅིག་ཏུ་མང་པོ་ཕེབས་དགོས་ཀྱི་ཡོད་དུས། ད་ལྟའི་འཛིན་སྐྱོང་གི་ངོས་ནས་ལན་འདེབས་བྱེད་སྟངས་ལ་བལྟས་པ་ཡིན་ན། དེ་ལ་དམིགས་སུ་བཀར་ནས་ལས་བྱེད་གཅིག་དང་གཉིས་ཀྱི་འགྲིག་དང་མ་འགྲིག་གི་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་ཀྱི་མེད་པའི་རྣམ་པ་ཞིག་མཐོང་གི་འདུག་ལ་གཞན་གྱིས་བསམ་ཚུལ་དེ་འདྲ་ཡང་ཡོད་མི་སྲིད་པ་མ་རེད། ཡིན་ནའང་གྲོས་ཚོགས་ཀྱི་ནང་དུ་གྲོས་ཆོད་གང་ཞིག་བཞག་ཡོད་པ་རེད་ཅེ་ན། སན་ཕ་རན་སི་སི་ཀོ་རུ་བྱུང་བའི་གནས་ཚུལ་དང་འབྲེལ་བའི་ཐོག་ནས་གནས་ཚུལ་དོལ་རྒྱལ་རྗེས་འབྲང་པའི་བྱ་སྤྱོད་དོན་རྐྱེན་གྱི་འབྱུང་རྩ་གང་ཡིན་མིན་དེ་འཛིན་སྐྱོང་བཀའ་ཤག་གིས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ནས། མ་འོངས་པར་དེ་འདྲ་མི་ཡོང་བ་བྱེད་དགོས་ཀྱི་རེད་ཅེས་པའི་གྲོས་ཆོད་བཞག་ཡོད་སྟབས་འཛིན་སྐྱོང་བཀའ་ཤག་ནས་ཀྱང་གྲོས་ཆོད་དེའི་དགོངས་དོན་ཕ་གིའི་འབྱུང་རྩ་དེ་ག་རེ་ཆགས་ཡོད་པ་དང་། མ་འོངས་པར་དེ་རིགས་དེ་མི་འབྱུང་རྒྱུར་གང་དང་གང་གནང་དགོས་མིན་གྱི་འགན་ཆེན་པོ་ཞིག་ཡོད་པའི་ཆ་ནས་གནང་གི་རེད་སྙམ་གྱི་འདུག དེའི་རྒྱུ་མཚན་ལ་བརྟེན་ནས་མི་འདིས་ནོར་བ་རེད། ཡང་ན་སྒྲིག་འཛུགས་འདིས་ནོར་བ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དེ་ལ་ཉེས་པ་འདི་གཏོང་དགོས་པ་རེད་ཅེས་པའི་གནས་ཚུལ་ཆགས་ཐུབ་ཡོད་མ་རེད་ཅེས་ཞུ་རྒྱུ་ཞིག་དང་།

དེ་ནས་ཆོས་དད་རང་དབང་མི་འདུག་བོད་པའི་སྤྱི་ཚོགས་ནས་ཕུད་ཀྱི་འདུག་ཅེས་པ་དེར། གོང་དུ་ཞུས་པ་དེ་རང་རེད། སྤྱི་ཚོགས་ནས་ཕུད་པ་རེད་ཅེས་དོལ་རྒྱལ་སྟེན་མཁན་ཚོས་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་སུ་དང་སུ་ཕུད་པ་རེད་དམ་ཞེ་ན། དེ་བརྗོད་ཐུབ་ཀྱི་ཡོད་མ་རེད། གང་ཡིན་ཞེ་ན། དཔང་རྟགས་ཡོད་མ་རེད། དོལ་རྒྱལ་སྟེན་མཁན་ཚོས་ལོ་རྒྱུས་ཡིན་ནའང་བདེན་པ་ར་འཕྲོད་ཀྱི་མེད་སྟབས་རྫུན་གཏམ་གྱིས་ལོ་རྒྱུས་བཟོས་ཡོང་གི་ཡོད་པ་རེད། སྤྱི་ཚོགས་ཀྱི་གནས་ཚུལ་ཞིག་ཡིན་ནའང་མ་བྱས་པ་ཞིག་བྱས་སོང་ཞེས་བར་སྐབས་ཤིག་ལ་གནས་ཚུལ་བཟོ་རྒྱུའི་ཆེད་དུ་དོལ་རྒྱལ་སྟེན་མཁན་དེ་ཚོས་སྦེལ་ཀོབ་ཏུ་བརྙན་འཕྲིན་པར་ལེན་གྱི་འཕྲུལ་ཆས་འཁྱེར་ཏེ་དཔང་རྟགས་ཚོལ་ཞིབ་ཀྱིས་ལས་ཀ་དེ་འདྲ་བཟོ་རྒྱུའི་ཐབས་ཤེས་མང་པོ་ཞིག་བྱས་པ་རེད་ཀྱང་། ད་ལྟ་ཁྱེད་རང་གིས་དྲི་བ་དྲིས་པ་རེད། དྲི་བ་དེ་ང་ཚོས་དོལ་རྒྱལ་སྟེན་མཁན་ཚོར་ཕར་དྲི་དགོས་པ་ཞིག་རེེད། ང་ཚོས་སྤྱི་ཚོགས་ནས་སུ་ཕུད་སོང་ངམ། དེ་དང་འདི་ཟེར་བ་གཞིས་ཆགས་དང་གྲོང་སྡེ། ཁང་ཨང་། མིའི་མིང་དང་བཅས་པ་དུས་ཚོད་འདི་འདྲ་ཞིག་གི་ཐོག་ལ་ཕུད་སོང་ཞེས་པ་བཤད་ཀྱི་ཡོད་པ་ཡིན་ན། དེར་ང་ཚོས་ལན་འདེབས་བྱེད་ཆོག་གི་རེད། དེ་འདྲ་ཞིབ་འཇུག་བྱས་ཀྱང་རྙེད་ཀྱི་ཡོད་མ་རེད། ད་ཆ་ཧོན་སུར་དུ་དོལ་རྒྱལ་སྟེན་མཁན་ཁག་གཅིག་གིས་སོ་སོ་རང་ཉིད་ཀྱིས་ཐག་བཅད་དེ། ད་ལྟ་ཡིན་ནའང་ཁོ་རང་ཚོའི་མིང་གི་ཐོག་ལ་ཡོད་པ་རེད་མ་གཏོགས། གཞན་སུ་གཅིག་གིས་འཕྲོག་ཡོད་པ་མ་རེད། དེ་བཞིན་ཤི་ལོང་ལ་ཕྱིན་པ་དེ་དག་ཀྱང་སོ་སོ་རང་ཉིད་ཀྱིས་ཐག་བཅད་དེ་ཕྱིན་པ་རེད་མ་གཏོགས། དེ་དག་ང་ཚོས་ཕུད་པ་རེད་ཅེས་བརྗོད་ཤེས་ཀྱི་མ་རེད། དེ་ཡིན་དུས་གནས་ཚུལ་དེ་དག་ང་ཚོས་ཕར་སྐད་ཆ་དྲི་རྒྱུ་རེད་མ་གཏོགས་ང་ཚོར་ཚུར་དྲི་དགོས་པའི་གནས་སྟངས་གང་ཡང་ཆགས་ཀྱི་ཡོད་མ་རེད། ང་ཚོར་ཞིབ་འཇུག་བྱེད་པའི་སྐབས་སུ་གང་ཡང་ཐོན་གྱི་ཡོད་པ་མ་རེད། དེ་ཡིན་དུས་ང་ཚོས་ལས་གཞི་གསར་པ་རྩོམ་དགོས་པའི་གནས་སྟངས་གང་ཡང་ཆགས་ཀྱི་ཡོད་པ་མ་རེད།

དོལ་རྒྱལ་བསྟེན་མཁན་གྱི་གནས་ཚུལ་དེ་དག ཕྱི་ལོ་ ༢༠༡༠ ནས་བཟུང་ཤུགས་ཆེ་བ་འདྲ་པོ་མཐོང་སོང་ཞེས་པ་དེར། ཤུགས་ཆེ་ཤོས་འདྲ་པོ་མི་གསོད་ཁྲག་སྦྱོར་བྱ་རྒྱུ་མང་ཆེ་བ་ཕྱི་ལོ་ ༡༩༩༦ ཙམ་ལ་བྱུང་བ་རེད། རྗེས་སུ་ཤུགས་ཆེ་རུ་ཕྱིན་པ་ཟེར་བ་དེ། མང་པོ་ཞིག་རྒྱ་གཞུང་གི་དངུལ་དང་དངོས་པོ་སྤྲོད་ཀྱི་ཡོད་པ་ཡིན་སྟབས། གངས་ཅན་བླ་མ་ཟེར་བ་ལྟ་བུ་དང་། དགེ་བཤེས་སྐལ་བཟང་ཟེར་བ་ལྟ་བུའི་གྲས་ཀྱིས་ཆོས་ཚོགས་གསར་པ་མང་པོ་འཛུགས་ཀྱི་ཡོད་པ་རེད། ང་ཚོའི་དགེ་ལུགས་ཀྱི་ཆོས་ཚོགས་ཡོད་ས་ཞིག་གི་འཁྲིས་སུ་ཡང་ཁོང་ཚོས་ཀྱང་འཛུགས་རྒྱུའི་ཐབས་ཤེས་བྱས་པ་དང་། དེ་བཞིན་ཉེ་བའི་ཆར་གོ་བར་སི་ཕན་དང་ཕོ་ཊོ་ཀོལ་དེ་དག་ཏུའང་ཆོས་ཚོགས་ཧ་ཅང་གི་ཆེན་པོ་དེ་འདྲ་འཛུགས་ཀྱི་ཡོད་པ་རེད། དེར་འགྲོ་སོང་ཕངས་མེད་བཏང་སྟེ་ཁང་པ་ཆེན་པོ་དེ་འདྲ་ཉོ་བའམ། ཡང་ན་ཁང་པ་ཆེན་པོ་དེ་འདྲ་བརྒྱབ། དགེ་ཕྲུག་ནི་མགོ་སེར་པོ་བོད་པའི་ཆོས་དང་ནང་པའི་ཆོས་ལ་རྩ་བ་ཉིད་ནས་ཤེས་རྟོགས་གང་ཡང་མེད་མཁན་ལ་ཆོས་བཤད། དེ་ཡང་རིན་མེད། ཆོས་ཚོགས་གཞན་ཚོར་ཡིན་ན་ང་ཚོའི་བླ་མ་དང་དགེ་བཤེས་ཚོ་ཕེབས་ཏེ་ཆོས་འཆད་ཀྱི་ཡོད་པ་རེད། དེ་སྒྱུར་མཁན་ཡོད་པ་རེད། ཡིན་ནའང་བླ་མ་ལ་ཆོས་ཚོགས་ཀྱི་ནང་དབང་ཆ་ཆེན་པོ་ཡོད་པ་མ་རེད། དེའི་ཆོས་ཚོགས་འཛིན་མཁན་ཚོར་རང་ཉིད་ཀྱིས་ཡུལ་མི་འགན་འཛིན་ལྷན་ཚོགས་དེ་འདྲ་བཙུགས་ཏེ་དེ་འདྲ་བྱེད་ཀྱི་ཡོད་དུས་སོ་སོའི་འཛིན་སྐྱོང་གི་འགྲོ་སོང་གཏོང་དགོས་ཀྱི་ཡོད་དུས་ཆོས་འཆད་སྐབས་ཉན་མཁན་ཚོས་ཚོགས་ཁང་གི་གླ་ལ་སོགས་པ་དངུལ་ཕྲ་ལ་ཕྲན་བུ་སྤྲོད་དགོས་པའི་གནས་ཚུལ་ཡོང་གི་ཡོད་པ་རེད། ཡིན་ནའང་དོལ་རྒྱལ་སྟེན་མཁན་གྱི་ཆོས་ཚོགས་དེ་ཚོའི་ནང་དུ་གླ་ཆ་ཅི་ཡང་སྤྲོད་མི་དགོས་པར་སློབ་ཁྲིད་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་མང་པོ་ཞིག་ང་ཚོས་ཤེས་ཀྱི་ཡོད་པ་རེད། བོད་པ་ཧ་ཅང་གི་ཉུང་ཉུང་རེད། བོད་པ་རང་ཧ་ཅང་གི་ཉུང་ཉུང་ཡིན་སྟབས་བོད་པ་ཚོས་དོལ་རྒྱལ་སྟེན་མཁན་དེ་དག་ཆོས་བརྒྱུད་མི་འདྲ་བ་གཞན་ཞིག་ཏུ་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། ས་སྐྱ་བའི་ནང་དུ་དོལ་རྒྱལ་སྟེན་མཁན་རྩ་བ་ཉིད་ནས་མེད་ཅེས་༸གོང་མ་རིན་པོ་ཆེས་གསུངས་པ་ལྟར་རེད། རྙིང་མ་དང་བཀའ་བརྒྱུད་ཀྱི་ནང་དུ་དོལ་རྒྱལ་སྟེན་གྱི་ཡོད་པ་མ་རེད། ད་ཆ་དགེ་ལུགས་པ་ཡིན་ཟེར་མཁན་གྱི་ནང་དུ་འགའ་ཤས་ཤིག་ལྷགས་པ་དེ་རེད། ད་ཆ་སེ་ར་སྨད་དང་ཤར་རྩེ་ནས་ཁ་ཁ་བྱས་པ་དེ་ཚོའི་དགེ་ཕྲུག་གསར་པ་དེ་ཚོ་ཚང་མ་བལ་ཡུལ་དང་ཧི་མ་ལའི་རི་རྒྱུད་ཀྱི་ཕྲུ་གུ་ཆུང་ཆུང་དེ་འདྲ་ཕ་མས་བདག་པོ་རྒྱག་ཐུབ་དང་མི་ཐུབ་གྱི་གནས་སྟངས་དེ་འདྲའི་འོག་ནས་མར་ཁྲིད་ཡོང་སྟེ་གསོ་གི་ཡོད་པ་རེད། རྗེས་སུ་ཚུར་མགོ་ལྕག་གཞུ་རྒྱུའི་ཉེན་ཁ་ཡོད་ཡོད་པ་རེད། ཁོ་རང་ཚུར་ཕུང་རྒྱུའི་ཉེན་ཁ་དེ་ཡོད་ཡོད་པ་རེད། བོད་པ་རང་དེའི་ནང་དུ་ཡོད་པ་མ་རེད། རི་བོ་དགེ་ལྡན་པ་གཅིག་རེད་མ་གཏོགས་དོལ་རྒྱལ་སྟེན་མཁན་ཞེས་ཆོས་བརྒྱུད་གཞན་ཞིག་ཆགས་རྒྱུ་ཡོད་པ་མ་རེད། ཆོས་བརྒྱུད་གཞན་ཞིག་ཆགས་མི་སྲིད་པ་རེད། དེ་འདྲེ་སྟེན་མཁན་རེད། དེ་ཡིན་དུས་སྤྱི་འཐུས་ཀྱི་ནང་ལ་རྐུབ་སྟེགས་གསར་པ་བཟོ་དགོས་པའི་གནས་སྟངས་ཀྱང་ཡོད་པ་མ་རེད། ཡིན་ནའང་མི་མང་གི་ངོས་ནས་༸རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་ནའང་འདྲ་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་གནོད་ནའང་འདྲ། བོད་ཀྱི་བསྟན་པ་ཆབ་སྲིད་ལ་གནོད་ནའང་གནོད། ང་ཚོས་དོལ་རྒྱལ་སྟེན་མཁན་གྱི་མི་ཞིག་ལ་སྤྱི་འཐུས་ཀྱི་འོས་འཕེན་གྱི་ཡིན་ཞེས་བརྗོད་ཀྱི་ཡོད་པ་ཡིན་ན། དེ་མི་མང་གི་འདོད་པ་རེད། དེའི་སྐབས་སུ་༸རྒྱལ་བ་རིན་པོ་ཆེས་ག་རེ་གནང་གི་རེད་ཅེ་ན་སྐབས་དེར་༸རྒྱལ་བ་རིན་པོ་ཆེས་དགོངས་པ་བཞེས་ཀྱི་རེད། དེ་འདྲའི་དུས་ཚོད་ཅིག་མི་ཡོང་རྒྱུར་ང་ཚོས་བསམ་བློ་གཏོང་དགོས་པ་རེད་མ་གཏོགས། དེ་འདྲ་ཡོང་རྒྱུའི་དུས་ཚོད་ཅིག་སླེབས་པ་ཡིན་ན་ང་ཚོ་ཚང་མའི་སྒྲུང་དེ་རྫོགས་ཟིན་པ་རེད། སང་ཉིན་གནངས་ཉིན་ཁྱེད་རང་ཚོ་འདྲ་པོ་བྱས་ཏེ་འཛོམས་རྒྱུའི་གོ་སྐབས་ཀྱང་རག་གི་མ་རེད། དེ་ཡིན་དུས་སྤྱི་འཐུས་ཀྱི་ནང་ལ་མི་མང་གི་དོལ་རྒྱལ་སྟེན་མཁན་ཡིན་པ་མ་ཤེས་པར་འོས་འཕངས་ཏེ་ཁོ་ཡ་གིར་སླེབས་པ་ཡིན་ན་གང་ཤེས། མི་མང་གི་ཤེས་ཏེ་འོས་འཕེན་མཁན་དེ་འདྲ་ཕལ་ཆེར་ཁག་པོ་ཡིན་གྱི་རེད་སྙམ་གྱི་འདུག གྲངས་འབོར་གྱི་ཆ་ནས་ཀྱང་ཉུང་ཤས་ཤིག་རེད་མ་གཏོགས་མང་པོ་ཡོད་པ་མ་རེད།

དེ་ནས་སློབ་གྲྭའི་ནང་ལ་ད་གིན་ངས་ཁྱེད་ཚོའི་ནང་ལ་ཡོད་མ་རེད་ཅེས་བཤད་སོང་། གཅིག་བྱས་ན་ངས་རྟག་མཐའ་དང་ཆད་མཐའ་གཉིས་མ་ཡིན་པའི་ཐག་བཅད་པ་ཡིན་གྱི་རེད། ཡོད་ཤས་ཆེ་དེ་ངས་བརྗོད་ཐུབ་གྱི་མ་རེད། ང་ལ་མངོན་ཤེས་ནི་མེད། ཡིན་ནའང་རེ་བར་ད་ཆ་ཁྱེད་ཚོ་ཆ་ཚང་སློབ་ཕྲུག་ཡིན་པ་དང་། དེ་ཡང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱི་འོག་ནས་གསོ་སྐྱོང་བྱས་ཏེ་ད་ཆ་གྱོན་རྒྱུ་དང་བཟའ་རྒྱུ། བཏུང་རྒྱུ་ཡིན་ནའང་རེད། ཕྲན་བུའི་འཚོ་བ་བདེ་བདེ་ལྷོད་ལྷོད་ངང་འཚོ་བ་སྐྱེལ་རྒྱུ་ཡོད་པ་དེ། ༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བསྡད་ཡོད་དུས། དེ་འདྲ་ཞིག་གིས་སྟེན་ཨེ་ཡོང་ངམ་སྙམ་སྟེ་གོང་དུ་དེ་བཤད་པ་རེད། མ་འོངས་པར་སློབ་ཕྲུག་གི་ནང་ལ་དབྱེ་བ་འབྱེད་རྒྱུའི་ལམ་གསར་པ་དེ་འདྲ་ག་རེ་བཟོ་རྒྱུ་ཡོད་མེད་ཅེས་པ་དེ་དག་ཞུ་ཐུབ་རྒྱུ་ཁག་པོ་རེད་སྙམ། ང་ཚོས་སློབ་ཕྲུག་ཚོར་ལམ་སྟོན་ཞུ་རྒྱུ་དེ་ཚོ་ཞུ་དགོས་ཀྱི་རེད། དེ་མ་གཏོགས། ཁོ་དོལ་རྒྱལ་སྟེན་མཁན་རེད། དེ་རིང་སློབ་གྲྭ་ནས་འབུད་ཀྱི་ཡིན་ཟེར་རྒྱུའི་བཟོ་འདྲ་པོ་བརྗོད་ཐུབ་ཀྱི་མ་རེད། དེ་ཡིན་དུས་དེ་གནས་ཚུལ་ཐ་དད་རེད། དེ་ཡིན་དུས་ཁྱེད་ཚོར་དོགས་པ་ཡོད་པའི་གནས་སྟངས་དེ་འདྲ་ཁྱེད་ཚོས་མཐོང་གི་ཡོད་པ་དང་། ཡང་དོགས་པ་རྩ་བ་ནས་མེད་པ་ཞིག་ལ་ཡོད་པ་བཟོས་པ་ཡིན་ན། ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། ཡོད་པ་དེ་འདྲ་སོ་སོས་ཤེས་ཀྱི་ཡོད་པ་ཡིན་ན། དེ་ལ་བསླབ་བྱ་བྱེད་དགོས་པ་དེ་ཚོ་བྱེད་དགོས་ཀྱི་རེད་སྙམ་གྱི་འདུག

དེ་ནས་མ་འོངས་པར་དོལ་རྒྱལ་སྟེན་མཁན་མང་དུ་དང་ཤུགས་ཆེ་རུ་ཕྱིན་ནས་བོད་དུམ་བུ་གཉིས་སུ་འགྲོ་གི་རེད་དམ་ཞེས་པ་དེར། དོལ་རྒྱལ་གྱི་རྒྱུ་མཚན་ལ་བརྟེན་ནས་བོད་དུམ་བུ་གཉིས་སུ་འགྲོ་དགོས་པའི་གནས་སྟངས་གང་ཡང་ཡོད་མ་རེད་སྙམ་གྱི་འདུག དོལ་རྒྱལ་གཅིག་པོ་མ་རེད། ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་གནས་ཚུལ་མང་པོ་ཡོང་གི་མི་འདུག་གམ། བླ་མ་གཅིག་གྲོངས་པའི་རྗེས་སུ་བླ་མའི་ཡང་སྲིད་གཉིས་ཕེབས་པའི་སྐབས་སུ་སྔོན་མའི་སྤུན་མཆེད་ཡིན་མཁན་དང་། ཕ་ཡུལ་གཅིག་པ་ཡིན་མཁན་གྱི་ནང་དུ་ཡང་སང་ཉིན་གནངས་ཉིན་ནས་བཟའ་རེས་བཏུང་རེས་མེད་པའི་གནས་ཚུལ་དེ་འདྲ་ཆགས་ཡོང་གི་འདུག དེ་ཡིན་དུས་དོལ་རྒྱལ་གྱི་གནས་ཚུལ་དང་འབྲེལ་བའི་ཐོག་ལ་ད་ལྟའི་བར་དུ་བཙན་བྱོལ་གྱི་ནང་དུ་ང་རང་ཚོ་གཙང་མ་ཆགས་དགོས་པ་དེ་ཚོ་ཆགས་ཚར་བ་རེད་སྙམ། རྒྱ་གར་གྱི་ནང་དུ་ད་བར་དོལ་རྒྱལ་སྟེན་མཁན་ཚོས་ལས་འགུལ་ཤུགས་ཆེན་པོ་སྤེལ་མ་ཐུབ་པའི་རྒྱུ་མཚན་དེ་ཡང་། གཙང་མ་ཆགས་པའི་རྒྱུ་མཚན་ལ་བརྟེན་ནས་རེད། ཕྱི་རྒྱལ་ལ་དངུལ་དང་དངོས་པོའི་ཁེ་ཕན་ལ་བརྟེན་ནས་བྱེད་ཀྱི་ཡོད་དུས། ད་ལྟ་ཤུགས་ཆེན་པོའི་རྣམ་པ་འདྲ་པོ་མཐོང་གི་ཡོད་པ་རེད། དཔེར་ན། དེ་རིང་ང་ལྟ་བུ་ཡིན་ན་ཤུགས་ཆེན་པོ་བཤད་དགོས་པའི་གནད་འགག་མཐོང་མ་སོང་། ཡིན་ནའང་བར་ལམ་ཞིག་ནས་སྤྱི་ཚོགས་ཀྱི་དྲ་ལམ་དུ་དོལ་རྒྱལ་སྐོར་མང་པོ་ཞིག་ཕར་ཚུར་གཏོང་གི་འདུག་ཅེས་ལབ་ཀྱི་ཡོད་དུས། གཞོན་སྐྱེས་ཚོའི་ནང་དུ་གནས་ཚུལ་མི་ཤེས་པ་ཡོད་པ་ཡིན་ན། ཕྲན་བུ་གསེད་བཀྲོལ་བྱས་པ་ཡིན་ན་ཕྲན་བུ་ཕན་མི་ཡོང་ངམ་སྙམ། ཆ་ཚང་མ་རྟོགས་པ་ཡིན་རུང་དེ་རིང་ཚོགས་གཙོས་གང་བཤད་པ་དེ་བག་ཆགས་འདྲ་པོ་བྱས་ཏེ་དེའི་སྒང་ལ་གནས་ཚུལ་གསར་པ་འདྲ་པོ་དགེ་བཤེས་དང་འདུལ་བ་འཛིན་པ་ཚོའི་དྲུང་ནས་གསན་པ་ཡིན་ན། དེ་ལས་ལྷག་པ་མཁྱེན་ཐུབ་རྒྱུའི་གནས་ཚུལ་ཆགས་ཀྱི་ཡོད་པ་ཡིན་སྟབས་གོ་སྐབས་དེ་འདྲ་ཞིག་བྱས་ཏེ་ཞུས་པ་རེད། ང་ཚོའི་ཆབ་སྲིད་ཀྱི་ཐོག་ནས་ཆབ་སྲིད་ཀྱི་འགན་འཁྱེར་མཁན་གྱི་ངོས་ནས་རེད། འཛིན་སྐྱོང་གི་ངོས་ནས་རེད། གྲོས་ཚོགས་ཀྱི་ངོས་ནས་རེད། དེ་སྔོན་ཉིན་གང་པོར་གྲོས་ཚོགས་ཀྱི་ནང་དུ་གོ་སྡུར་ཞུས་པ་རེད། ཚང་མས་སྤྱི་མོས་ཀྱི་ཐོག་ནས་ཐག་བཅད་དེ་སོ་སོ་རང་ཉིད་ཀྱི་བསམ་ཚུལ་གང་བཤད་དགོས་པ་ཚང་མ་བཤད་ཡོད་པ་རེད། དེ་ཡིན་དུས་དྲི་བ་མཐའ་མ་དེའི་ནང་ལ་དོལ་རྒྱལ་གྱི་རྒྱུ་མཚན་ལ་བརྟེན་ནས་བོད་དུམ་བུ་གཉིས་ལ་འགྲོ་གི་རེད་དམ་མ་རེད་ཅེ་ན་དེ་རྩ་བ་ཉིད་ནས་འགྲོ་གི་མ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།