དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གཉིས་པའི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་སྐོར་ལ་གསུང་བཤད་གནང་བ།


༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༢༠ ཙམ་གྱི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་ཐེངས་གཉིས་པའི་ཚོགས་བཅར་བ་མཐོ་སློབ་ཁག་འདྲ་མིན་ནས་སླེབས་པའི་སློབ་མ་ ༦༨ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་དོན། ཐོག་མར་དེ་རིང་རྣམ་པ་ཚོར་གསུང་བཤད་གནང་རྒྱུ་དེ་སློབ་འཁྲིད་ཀྱི་ངོ་བོ་ཞིག་ཆགས་ཀྱི་ཡོད་པས་སློབ་འཁྲིད་དེ་གསན་པའི་རྗེས་༸གོང་ས་མཆོག་རྒྱ་གར་ལ་༸ཞབས་སོར་འཁོད་པ་ནས་ད་ལྟ་བར་གྱི་བོད་མིའི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། སྒྲོམ་གཞི་ནང་ལས་དོན་གང་གནང་གི་ཡོད་མེད་ཤེས་དགོས་པ་མ་ཟད་ཟབ་སྦྱོང་ཚར་བའི་རྗེས་སུ་སྤྱི་ཚོགས་ནང་ངོ་སྤྲོད་གནང་ཐུབ་པ་ཞིག་དགོས་གལ་ཆེན་པོ་ཡིན་སྐོར་དང་། དེ་རྗེས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་ལྷན་ནས་དཔར་བསྐྲུན་གནང་བའི་བོད་ཀྱི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་བོད་ཨིན་ཧིན་གསུམ་ནང་གི་དཔེ་དེབ་ཁག་ཅིག་ངོ་སྤྲོད་གནང་ཡོད།

དེ་བཞིན་བོད་མིའི་མང་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་ངོ་བོ་ཕྱི་ལོ་ ༡༩༥༩ ལ་བཙན་བྱོལ་ནང་འགོ་འཛུགས་ཀྱང་བོད་ལ་སྔོན་མ་ནས་ཆབ་སྲིད་ལམ་ལུགས་ཡོད་པ་རེད། བྱས་ཙང་བོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཤེས་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་མདོར་ཙམ་ཞུས་ན་བོད་སྲིད་པ་ཆགས་པ་ནས་བོད་ལ་ཆབ་སྲིད་ལམ་ལུགས་ཡོད་པ་དེ་མཁྱེན་དགོས་པ་རེད། ཕྱི་ལོའི་སྔོན་གྱི་ལོ་ ༡༢༧ ལ་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་འུ་དུམ་བཙན་པོ་བར་རྒྱལ་ཐོག་ ༤༢ བྱུང་བ་རྣམས་རྒྱལ་བརྒྱུད་རིང་ལུགས་ཡིན་པ་དང་། རྒྱལ་བརྒྱུད་རིང་ལུགས་དེའང་ཆབ་སྲིད་ཀྱི་རིང་ལུགས་ཤིག་ཡིན། དེ་རྗེས་བོད་སིལ་བུར་འཐོར་ནས་ཕྱི་ལོ་ ༨༤༢ ནས་ ྃྃྃྃ༡༢༥༤ བར་བོད་ཆོས་ལྡན་ཞིང་ཁམས་དེ་ཕྱི་རྒྱལ་ནས་བཙན་འཛུལ་མེད་པར་ལུང་པ་རེར་དཔོན་པོ་རེ་རེ་བྱས་ནས་ཆབ་སྲིད་ཀྱི་ལམ་ལུགས་ཤིག་གི་ཐོག་གནས་ཡོད། དེ་ནས་ཕྱི་ལོ་ ༡༢༥༤ ནས་ ༡༣༤༩ བར་ལོ་ ༩༦ རིང་ས་སྐྱ་བས་མི་ཐོག་ ༢༠ ཡིས་བོད་ཀྱི་སྲིད་དབང་བཟུང་བ་དང་། དེ་བཞིན་ཕྱི་ལོ་ ༡༣༤༩ ནས་ ༡༤༣༥ བར་ཕག་མོ་གྲུ་པས་མི་ཐོག་ ༡༡ གིས་ལོ་ངོ་ ༨༦ རིང་བོད་ཀྱི་སྲིད་བང་བཟུང་བ། ཕྱི་ལོ་ ༡༤༣༥ ནས་ ༡༥༦༥ བར་རིན་སྤུངས་པ་མི་ཐོག་ ༤ ཡིས་ལོ་ངོ་ ༡༣༠ རིང་བོད་ཀྱི་སྲིད་དབང་བཟུང་བ། ཕྱི་ལོ་ ༡༥༦༥ ལོ་ནས་ ༡༦༤༢ བར་ལོ་ངོ་ ༧༦ བར་སྡེ་པ་གཙང་པ་མི་ཐོག་ ༣ གྱིས་སྲིད་དབང་བཟུང་བ་རྣམས་ཆབ་སྲིད་ཀྱི་རིང་ལུགས་ཤིག་རེད། ཕྱི་ལོ་ ༡༦༤༢ ལོར་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་ནས་བོད་ཀྱི་སྲིད་དབང་བཟུང་བ་ནས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆབ་སྲིད་ལེགས་བཅོས་མ་བྱས་པར་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཡོད་པ། དེ་ཚོ་ཆ་ཚང་མཁྱེན་དགོས་ཀྱི་རེད། དེ་ནས་བོད་མིའི་མང་གཙོའི་སྐོར་ལ་སླེབས་ཀྱི་ཡོད་པ་རེད།  བོད་མིའི་མང་གཙོའི་ཐོག་ལ་དུས་རྒྱུན་ངས་གནད་དོན་གསུམ་གྱི་ཐོག་ཞུ་ཡི་ཡོད། དང་པོ་མང་གཙོའི་བྱུང་བ། གཉིས་པ་མང་གཙོ་ཚགས་ཚུད། གསུམ་པ་མང་གཙོ་སྲ་བརྟན། ང་ཚོའི་སྤྱི་ཚོགས་ནང་ཤེས་འཇོན་གཉིས་ལྡན་ཡོད་པ་མང་པོ་བྱུང་ཡང་ཕྱི་ལོ་ ༡༩༥༩ ལོ་ནས་ད་བར་མང་གཙོའི་སྒྲོམ་གཞི་ནང་འགྱུར་ལྡོག་གང་བྱུང་བ་རྣམས་༸གོང་ས་མཆོག་གི་ཐུགས་རྗེའི་སྐུ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་རེད། མང་གཙོའི་བྱུང་བ་ལ་འཕེལ་རིམ་མི་འདྲ་བ་གསུམ་ཡོད། ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ བར་ལོ་ངོ་སུམ་ཅུའི་རིང་མང་གཙོའི་འགྱུར་ལྡོག་ཅིག ཕྱི་ལོ་ ༡༩༩༡ ནས་ ༢༠༠༠ བར་ལོ་ངོ་བཅུའི་རིང་མང་གཙོའི་འགྱུར་ལྡོག་ཅིག ཕྱི་ལོ་ ༢༠༠༡ ནས་ ༢༠༡༠  བར་ལོ་བཅུའི་རིང་མང་གཙོའི་འགྱུར་ལྡོག་ཅིག དེ་ནས་ཕྱི་ལོ་ ༢༠༡༡ ནས་ད་ལྟའི་བར་གྱི་མང་གཙོའི་གནས་སྟངས་བཅས་ཀྱི་ཐོག་ལོ་དུས་སོ་སོ་དང་སྤྱི་འཐུས་སྐབས་སོ་སོའི་ནང་མང་གཙོའི་འཕེལ་རིམ་ལ་འགྱུར་ལྡོག་གང་བྱུང་བ་རྣམས་གསལ་བཤད་གནང་བ་དང་།

༸གོང་ས་མཆོག་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ནང་གདན་འདྲེན་ཞུས་གནང་རྗེས་མའོ་གཙོས་པའི་རྒྱ་རིགས་དམར་ཤོག་གི་འགོ་ཁྲིད་མང་པོ་མཇལ་བ་དང་། རྒྱ་ནག་གི་གྲོས་ཚོགས་ནང་༸ཞབས་སོར་འཁོད་སྐབས་གྲོས་ཚོགས་ནང་གོང་རིམ་པས་བཤད་པ་ལས་གྲོས་བསྡུར་དང་བགྲོ་གླེང་མེད་པ་གཟིགས་གནང་བ་དང་། དེ་རྗེས་ ༡༩༥༦ ལོར་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་མཛད་སྒོར་རྒྱ་གར་ལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆིབས་སྒྱུར་གནང་ནས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གི་གཙོས་དཔོན་རིགས་མང་པོ་མཇལ་འཕྲད་གནང་བ་དང་། རྒྱ་གར་གྱི་གྲོས་ཚོགས་སོགས་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་གྲོས་ཚོགས་ཀྱི་གཙོ་སྐྱོང་བྱེད་མཁན་གྱིས་སྟངས་འཛིན་བྱས་པ་མ་གཏོགས་གྲོས་ཚོགས་འཐུས་མི་ཚང་མ་བགྲོ་གླེང་ལྷུག་པོ་གནང་བ་གཟིགས་ནས་༸གོང་ས་མཆོག་མང་གཙོའི་ལམ་ལུགས་ལ་ཡིད་སྨོན་དང་། མ་འོངས་པར་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་ཐུབ་ན་དགེ་མཚན་ཆེ་བ་བཅས་གཟིགས་གནང་ཡོད། དེ་རྗེས་ཕྱིར་བོད་ལ་ཕེབས་རྗེས་བོད་ཀྱི་ཁྲལ་དང་འུ་ལག་སོགས་ཀྱི་སྲོལ་ངན་རྣམས་མེད་པ་བཟོས་འགོ་བཙུགས་ཀྱང་རྒྱ་དམར་གྱིས་ཕྱི་ལོ་ ༡༩༥༩ ལོར་བཙན་འཛུལ་བྱས་རྐྱེན་དགུང་གྲངས་ ༢༤ ཐོག་རྒྱ་གར་ལ་བཙན་བྱོལ་ཕེབས་དགོས་བྱུང་།

བཙན་བྱོལ་ནང་བོད་མི་ཚོར་མཐུན་རྐྱེན་སྦྱར་རྒྱུ་དང་། བོད་ཀྱི་སྲིད་གཞུང་རྒྱུན་འཁྱོངས་སླར་གསོ་ཡོང་སླད་མང་གཙོའི་ཐོག་ལ་ལམ་བུ་བསྐྱོད་འགོ་བཙུགས། ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་ཆོས་ལུགས་ཆོལ་གསུམ་དང་བཅས་པས་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་བཞག་འབུལ་ཞུས་རྗེས་ ༸གོང་ས་མཆོག་གིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་སྩལ་གནང་བ་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་བསྐོ་གཞག་སྩལ་གནང་ཡོད། དེ་ནི་མང་གཙོ་དབུ་བརྙེས་ནས་མང་གཙོའི་བྱུང་བ་ཞེས་ཟེར་གྱི་ཡོད་པ་རེད། དེ་རྗེས་མང་གཙོ་ཚགས་ཚུད་དང་། མང་གཙོ་སྲ་བརྟན་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་བསྡུས་འགྲེམས་སྤེལ་གནང་བ་དང་། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ལེའུ་བཅུ་བྱས་པ་ཡོངས་ཁྱབ་གསལ་བསྒྲགས་གནང་།  ཕྱི་ལོ་ ༡༩༦༤ ལོར་སྤྱི་འཐུས་ཀྱི་དུས་ཡུན་ལོ་གསུམ་རེ་གནང་རྒྱུ་དང་༸གོང་ས་མཆོག་ནས་བུད་མེད་ཀྱི་འཐུས་མི་འཕར་སྣོན་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར་གཏན་འབེབས་གནང་བ་དང་།

ཕྱི་ལོ་ ༡༩༦༥ ལོར་༸གོང་ས་མཆོག་ནས་མཁས་ཅན་དང་དམིགས་བསལ་མི་སྣ་སྤྱི་འཐུས་སུ་ཐད་བསྐོ་གནང་ལམ་གཏོད། ཕྱི་ལོ་ ༡༩༧༥ ལོར་འཆར་འབུལ་ཕྱག་རྟགས་ལམ་ནས་ཟླ་བ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གཏན་འབེབས་གནང་། ཕྱི་ལོ་ ༡༩༧༦ ལོར་སྤྱི་འཐུས་ནས་ལས་ཁུངས་མ་ལག་ཡོངས་ཀྱི་ལོ་འཁོར་དངུལ་རྩིས་བཀའ་འཁྲོལ་གནང་རྒྱུའི་ལམ་ལུགས་འགོ་འཛུགས་གནང་ཡོད། ཕྱིི་ལོ་ ༡༩༧༧ ཟླ་ ༡༠ ཚེས་ ༥ ཉིན་སྐབས་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་འཛུགས་གནང་ཡོད། ཕྱི་ལོ་ ༡༩༧༩ ཟླ་ ༦ ཚེས་ ༢༣ ཉིན་བཀའ་བློན་རྣམ་པའི་མཛད་འཁུར་དུས་ཡུན་དམ་འབུལ་བྱས་པའི་ཉིན་མོ་ནས་ལོ་ལྔ་རེ་གནང་རྒྱུ་གནང་། དེ་དང་མཉམ་དུ་ CTPD མིང་སྦྱང་ཡང་། ATPD ཐོག་མིང་འགྱུར་གནང་ཡོད།

ཕྱི་ལོ་ ༡༩༨༢ ལོར་སྤྱི་འཐུས་སྐབས་ ༨ པ་ནས་དུས་ཡུན་ལོ་ལྔ་རེ་གནང་རྒྱུ་གནང་། ཕྱི་ལོ་ ༡༩༨༥ ལོར་མང་གཙོ་དབུ་བརྙེས་པ་དང་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས། ཕྱི་ལོ་ ༡༩༨༧ ལོར་སྤྱི་འཐུས་སྐབས་ ༩ པའི་འཐུས་མི་གྲངས་ཚད་ཉུང་དུ་བཏང་བའི་སྤྱི་འཐུས་ ༡༢ བདམས་ཐོན་བྱུང་ཡོད། ཕྱི་ལོ་ ༡༩༨༨ ནས་ ༡༩༩༠ བར་སྤྱི་འཐུས་སྐབས་བཅུ་པ་བདམས་ཐོན་བྱུང་། ཕྱི་ལོ་ ༡༩༩༠ ཟླ་ ༥ པའི་ནང་དམིགས་བསལ་ཚོགས་ཆེན་བསྐྱངས་པའི་ཐོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སྤྱི་གཉིས་ཀྱི་ལས་ཡུན་བར་མཚམས་འཇོག་དགོས་པ་དང་། ཚོགས་འདུ་འདིའི་ཐོག་ནས་བར་བརྒལ་གྱི་བཀའ་བློན་འོས་འདེམས་གནང་ཕྱོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་ཡོད། ལྷག་པར་མ་འོངས་སྤྱི་འཐུས་འདེམས་ཕྱོགས་དང་། བཙན་བྱོལ་ནང་ཁྲིམས་སྒྲིག་བཟོ་དགོས་བཅས་ཀྱི་གལ་ཆེའི་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་པའི་ཐོག་ཚོགས་འདུའི་ནང་ཚོགས་བཅར་བ་ཡོངས་ནས་གྲོས་བསྡུར་ལྷུག་པོ་གནང་ནས་ཆོལ་ཁ་རེ་རེ་ནས་སྤྱི་འཐུས་ ༡༠ རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་ ༢ རེ། ཡུ་རོབ་ནས་སྤྱི་འཐུས་ ༢ ཨ་རི་ནས་སྤྱི་འཐུས་ ༡ དང་༸གོང་ས་མཆོག་ནས་ཐད་བསྐོས་སྤྱི་འཐུས་གསུམ་གནང་རྒྱུ་བཅས་དང་འབྲེལ་བའི་ཚོགས་འདུའི་ནང་ཐག་གཅོད་བྱུང་དོན་བཞིན་རྒྱ་ཆེའི་མང་ཚོགས་ནས་ཕྱི་ལོ་ ༡༩༩༠ དང་། ༡༩༩༡ ནང་འོས་བསྡུ་གནང་། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཅའ་ཁྲིམས་གཏན་འབེབས་གནང་བ་དང་། ཚེས་ ༢༨ ཉིན་༸གོང་ས་མཆོག་ནས་ཆོག་མཆན་ཕྱག་རྟགས་གནང་བ་དང་འབྲེལ་སྐབས་དེར་རང་དབང་ཅན་གྱི་སྡེ་ཚན་གསུམ་ཡང་ཟུར་འཛུགས་གནང་ཡོད། ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་འཐུས་སྐབས་ ༡༢ པའི་གྲོས་ཚོགས་ཐོག་མ་འོངས་བཀའ་བློན་ཁྲི་པ་འོས་འདེམས་གནང་ཕྱོགས་ཀྱི་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་ཡོད།  ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་གནང་། ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༣ ཉིན་སྤྱི་འཐུས་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་དུས་དྲུག་པར་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམས་བསྐོ་གཞག་གནང་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཕེབས་ཡོད། ཕྱི་ལོ་ ༢༠༠༦ ལོར་སྤྱི་འཐུས་སྐབས་ ༡༤ པ་ ATPD མཚན་བྱང་དང་ཚོགས་གཙོ་སྦྲེལ་པོའི་མཚན་གནས་ཀྱང་བརྗེ་འགྱུར་གནང་སྟེ། སྤྱི་འཐུས་ལྷན་ཚོགས་ལ་ Tibetan Parliament-in- Exile  དང་།  ཚོགས་གཙོ་མཆོག་ལ་ Speaker དང་ཚོགས་གཞོན་མཆོག་ལ་ Deputy speaker ཞེས་གཏན་འབེབས་གནང་ཡོད། ཕྱི་ལོ་ ༢༠༡༠ ལོའི་ནང་མང་གཙོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་གནང་བ་དང་། ཕྱི་ལོ་ ༢༠༡༡ ནང་སྐབས་ ༡༤ པའི་གྲོས་ཚོགས་མཐའ་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་འགོ་འཁྲིད་རྣམས་ལ་གསོལ་སྩལ་རྩིས་སྤྲོད་མཛད་སླད་བཅའ་ཁྲིམས་སྐྱར་བཅོས་གནང་དགོས་པའི་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བཞིན་བཅའ་ཁྲིམས་བསྐྱར་བཅོས་གནང་ཡོད། ཕྱི་ལོ་ ༢༠༡༢ ནང་བྱང་ཨ་རིའི་སྤྱི་འཐུས་གཅིག་ནས་གཉིས་ལ་སྤར་ཆ་གནང་། ལོ་འདིའི་ཟླ་ ༩ པའི་ཚེས་ ༢༠ ཉིན་གྱི་གྲོས་ཚོགས་སྐབས་བཀའ་བློན་ཁྲི་པའི་མཚན་གནས་དེ་ཉིད་སྲིད་སྐྱོང་གི་མཚན་གནས་སུ་མིང་འགྱུར་བསྐྱར་བཅོས་གནང་ཡོད། ཕྱི་ལོ ༢༠༡༥ ནང་ Australasia and Asia  རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲི་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་འཕར་སྣོན་གྱིས་གཏན་འབེབས་གནང་ཡོད།

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་སྤྱི་འཐུས་སྐབས་ ༡༦ དང་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་འཁུར་འགོ་འཛུགས་གནང་ཡོད། སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཉི་ཤུ་རྩ་བདུན་གཏན་འབེབས་གནང་ཡོད་པ་དང་། ང་ཚོའི་མང་གཙོའི་བྱུང་སྟངས་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། ང་ཚོའི་མང་གཙོའམ་བཅའ་ཁྲིམས་རིན་པོ་ཆེར་ཁྱད་ཆོས་མི་འདྲ་བ་ ༢༦ ཡོད་པ་སོགས་གསུངས་གནང་ཡོད་པའི་གནས་ཚུལ་དུ།།