དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ནས་ཚེས་༣༠ བར་ཨ་རི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

2015-07-09-NYC-G01བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ནས་ ཚེས་ ༣༠ བར་ཨ་རི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོ་གྲུབ་འཕྲལ་རྡ་ས་ནས་ཕེབས་ཐོན་གྱིས་ཚེས་ ༨ ཉིན་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་ཕེབས་ནས་ཉིན་རྒྱབ་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་སི་ཨེན་ཇི་ལེ་སེ་ (Los Angeles) ནས་ནིའུ་ཡོག་ཕེབས་འཆར་གྱི་ཕེབས་བསུར་བཅར་རྗེས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་གཞོན་སྐྱེས་ཚོའི་གཞས་སྣ་འགྲན་བསྡུར་ལ་མགྲོན་འབོད་ལྟར་ཕེབས།

ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྒོམ་རིམ་བར་མའི་གསུང་ཆོས་སུ་བཅར་བ་དང་། དགོང་དྲོ་ནིའུ་ཡོག་དང་ New Jersey གཞོན་ནུ་ཚོགས་པས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་དཔལ་འབྱོར་འདུ་འགོད་ཆེད་ནང་མ་སྟོད་གཞས་གོ་སྒྲིག་གནང་ཡོད་པར་མགྲོན་འབོད་ལྟར་སྐུ་མགྲོན་གཙོ་བོའི་ངོ་བོའི་ཐོག་ནས་ཕེབས།

ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྱང་ཨ་མི་རི་ཁའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༣༠ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩིའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་གྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གུང་གསོལ་ཚིགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རི་སྲིད་འཛིན་སྐུ་ཞབས་ Barack Obama མཆོག་གི་སློབ་སྟོན་པ་བགྲེས་པ་ལྕམ་སྐུ་ Valerie Jarrett མཆོག་དང་། ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག གློ་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Richard Gere མཆོག་བཅས་མཛད་སྒོ་ཆ་ཚང་ལ་མཉམ་ཞུགས་གནང་ཡོད་པ་མ་ཟད། གསུང་བཤད་ཀྱང་གནང་ཡོད།2015-07-09-NYC-G02

ཚེས་ ༡༡ ཉིན་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཁག་ཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགུང་ཚིགས་འབུལ་བཤམས་ཞུས་པ་དེར་མགྲོན་འབོད་ལྟར་ཆེད་ཕེབས་དང་། ཚེས་ ༡༢ ཉིན་བོད་ཀྱི་ཐེབས་རྩ་ཚོགས་པས་མགྲོན་འབོད་ལྟར་ཕེབས།

ཚེས་ ༡༣ ཉིན་ངལ་གསོ་གནང་སྟེ་ཚེས་ ༡༤ སི་ཡ་ཊལ་ Seattle དུ་ཕེབས་ཏེ་སི་ཡེ་ཊལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ཆོས་ཚོགས་སུ་བོད་རིགས་ ༡༢༠ ཙམ་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༡༥ ཉིན་པོ་ཌི་ལནཌ་ Portland ལ་ཕེབས་ནས་བོད་རིགས་ ༢༥༠ ཙམ་ལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༡༦ ཉིན་སེན་ཕེ་རེན་སིས་ཀོ་ San Francisco ལ་ཕེབས་ནས། རྒྱུད་སྟོད་གྲྭ་ཚང་གི་ཆོས་ཚོགས་སུ་བོད་རིགས་གྲངས་ ༣༠༠ ཙམ་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༡༨ ཉིན་བྱང་ཁེ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཏེ་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་ཐོག་བོད་རིགས་གྲངས་ ༦༠༠ ལྷག་ཙམ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གསུང་བཤད་གནང་།

ཚེས་ ༡༩ ཉིན་ལོ་སི་ཨན་ཇི་ལེ་སེ་རུ་ཕེབས་ནས་ཐུབ་བསྟན་རིན་པོ་ཆེ་མཆོག་གི་ཆོས་ཚོགས་སུ་མི་མང་གྲངས་ ༥༠ ཙམ་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༢༢ ཨ་རི་རླུང་འཕྲིན་གྱི་ཀུན་གླེང་དུ་བཅར་འདྲིར་དང་ལེན་གནང་ནས་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་བཞི་དང་ལྷན་དུ་བོད་ནང་གི་གནས་སྟངས་དང༌། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། འབྱུང་ལ་ཉེ་བའི་འོས་བསྡུའི་ལས་དོན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་བཅས་ཀྱི་སྐོར་གྲོས་བསྡུར་གནང་།

ཚེས་ ༢༣ ཉིན་ཨ་རི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་མཇལ་འཕྲད་ཞུས་ནས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ལས་བྱེད་གཉིས་དང་ལྷན་བོད་དོན་ཐད་བཀའ་བསྡུར་དང་། དེ་རྗེས་རྒྱ་ནག་ནང་དུ་ཆོས་ལུགས་ལ་སྟངས་འཛིན་དམ་བསྒྲགས་དང་ཆོས་ལུགས་ཁག་གི་སྐུ་ཚབ་གནང་མཁན་གྱི་ཞི་མོལ་ལ་ཨ་རི་གྲོས་ཚོགས་འཐུས་མིས་ཉན་ཞིབ་གོ་སྒྲིག་ཞུས་ཡོད་པར་ཟུར་ཉན་དུ་ཕེབས། ཉིན་རྒྱབ་ནས་ཨ་རིའི་རང་དབང་རླུང་འཕྲིན་ཁང་གི་དྲི་བ་ཁག་ལ་ལན་འདེབས་གནང་།  དགོང་དྲོ་ཝ་ཤིང་ཊོན་དུ་བོད་རིགས་ ༡༣༠ ཙམ་ལ་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཨ་རིའི་མང་གཙོའི་ཐེབས་རྩའི་ཚོགས་གཙོ་སྐུ་ཞབས་ Carl Gershman ལགས་དང་མཇལ་འཕྲད་བྱ་རྒྱུ་ཡང་དེའི་ཞོགས་པ་ཁོང་གི་བཟླའི་ཨ་མ་ལགས་འདས་གྲོངས་ཕྱིན་པས་ཁོང་གི་ཚབ་ཏུ་ལས་བྱེད་སྐུ་ཞབས་ Wilson Lee ལགས་དང་བསྟན་འཛིན་དཔལ་སྐྱིད་ལགས་མཇལ་འཕྲད་གནང་། སྐབས་དེར་ཕྱི་ལོ་ ༢༠༡༦ ཟླ་ ༤ པའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་མཛད་སྒོ་དང༌། འོས་བསྡུའི་རྟོག་ཞིབ་ལས་འཆར་བཅས་ཀྱི་སྐོར་གོ་བསྡུར་གནང་། ཉིན་རྒྱབ་ནས་སྐུ་ཞབས་ Dr. Yang Jianli ལགས་ཀྱིས་གོ་སྒྲིག་ལྟར་རྒྱ་རིགས་གྲངས་ ༣༠ ལྷག་ལ་བོད་སྐད་འབྲེལ་ལམ་གཙོ་བོ་གྱུར་བའི་གནད་དོན་ཁག་ཅིག་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་། དེ་རྗེས་བྷོ་སི་ཊོན་ Boston དུ་ཕེབས།

ཚེས་ ༢༥ ཉིན་བྷོ་སི་ཊོན་དུ་ཡོད་པའི་བླ་མ་བཟོད་པ་རིན་པོ་ཆེས་ཟླ་བ་འཆར་ཅན་བོད་རིགས་རྒན་གཞོན་རྣམས་གུང་ཚིགས་གཏོང་ལམ་ཡོད་པ་ལ་མགྲོན་འབོད་ལྟར་ཕེབས་ཏེ། བྷོ་སི་ཊོན་བོད་ཀྱི་བདེན་དོན་དམངས་ཁྲོད་ཁ་བརྡའི་འགན་འཁུར་བས་རེ་འདུན་ལྟར་དྲི་བ་ཁག་ལ་ལན་འདེབས་གནང་། དགོང་དྲོ་བྷོ་སི་ཊོན་དུ་བོད་རིགས་ ༢༠༠ ལྷག་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

ཚེས་ ༢༦ ནིའུ་ཡོག་ཏུ་ཕེགས་ཏེ་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ལྟར་མི་མང་གྲངས་ ༥༠༠ ཙམ་ལ་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་།

2015-07-10-NYC-G08ཚེས་ ༢༧ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Richard Gere ལགས་དང་འགན་འཛིན་ Matteo Meccaci ལགས་ལྷན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབར་བོད་དོན་ལས་འགུལ་ཤུགས་ཇི་ཆེ་དང་ཚགས་ཚུད་གཏོང་རྒྱུའི་སྐོར་གོ་བསྡུར་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་དོན་ལེགས་པར་གྲུབ་མཚམས། ཚེས་ ༢༨ ཉིན་རྒྱ་གར་ལྡི་ལིར་ཕྱིར་ཕེབས་གནང་ནས་ཚེས་ ༢༩ ཉིན་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་བསྟན་འཛིན་དཔལ་འབྱོར་ལགས་དང་ཐུག་འཕྲད་ཀྱིས་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་འཐུས་མི་སྐུ་ཞབས་ Shanta Kumar མཆོག་གི་གྲ་སྒྲིག་འོག་འབྲེལ་མཐུད་པ་རྣམས་ཚོགས་འདུ་ཚོགས་རྒྱུའི་སྐོར་བཀོད་མངགས་གནང་དགོས་གནང་། ཚེས་ ༣༡ ཉིན་གྱི་ཞོགས་པ་རྡ་སར་ཕྱིར་ཕེབས་གནང་ཡོད་བཅས་ཀྱི་གནས་བསྡུས་སུ།།