ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་འཐུས་ལྷན་ཚོགས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུའི་གསལ་བསྒྲགས།

 

Print
ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་བོད་ནང་གི་སྤྱི་ཡོངས་གནས་སྟངས་ཛ་དྲག་ཇེ་ཆེ་རུ་འགྲོ་བཞིན་པ་དང༌། རྒྱ་གཞུང་གིས་བོད་ནང་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། སྐད་ཡིག རིག་གཞུང་། ཆོས་ལུགས་སོགས་སྒོ་ཀུན་ནས་དྲག་གནོན་དང༌། དབྱེ་འབྱེད། དམ་བསྒྲགས་དང་ཟུར་འབུད་ཀྱི་བྱེད་ཐབས་འབའ་ཞིག་བརྩམས་ཏེ། བོད་མི་རྣམས་རང་ཡུལ་དུ་གྲལ་རིམ་གཉིས་པའི་མི་རིགས་སུ་འགྱུར་བཞིན་པ་མ་ཟད། རྒྱ་གཞུང་གིས་དྲང་བདེན་གྱིས་ཁྲིམས་བཤེར་མེད་པར་བོད་རིགས་མཛངས་ཕུད་རྣམས་གང་བྱུང་གཅར་རྡུང་དང་འཇུ་བཟུང་། བཀག་བསྐྱིལ་བཙོན་འཇུག་རྒྱུན་མར་ཡོང་བ་དང་། གྲོག་ཚང་བརྡོལ་བ་ལྟར་བོད་ཁམས་སྟོད་སྨད་བར་གསུམ་དུ་ཁྱབ་པའི་རྒྱ་རིགས་ཚོས་བོད་དང་བོད་མི་འཛད་སྤྱོད་བྱ་ཡུལ་དུ་བཞག་སྟེ། དངོས་བརྒྱུད་ཅི་རིགས་ནས་བོད་མིའི་འཚོ་གནས་རྒྱུན་འཁྱོངས་ལ་ཆགས་འཇིག་གི་དཀའ་ཉེན་མངོན་གསལ་དུ་འཕྲད་པ་དང་། ད་དུང་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། གང་གི་དགོངས་བཞེད་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ལ་ཕྱིན་ཅི་ལོག་པའི་མཚན་དམས་སྒྲོ་སྐུར་གྱི་དྲིལ་བསྒྲགས་ལས་འགུལ་ཞི་དྲག་གི་ཐབས་ལམ་འདྲ་མིན་བརྒྱུད་སྤེལ་བཞིན་པ་སོགས་ཀྱིས། བོད་མི་རྣམས་འ་ཆད་འུ་ཐུག་ཏུ་གྱར་ཏེ། ༢༠༡༡ ཕྱི་ཟླ་ ༣ ཚེས་ ༡༦ ནས་ཕྱི་ཟླ་ ༡༠ ཚེས་ ༢༥ བར་བོད་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་དང༌། བློ་བཟང་དཀོན་མཆོག བློ་བཟང་སྐལ་བཟང༌། སྐལ་བཟང་དབང་ཕྱུག མི་སྐྱ་མཁའ་དབྱིངས་དང༌། ཆོས་འཕེལ། ནོར་བུ་དགྲ་འདུལ། མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་བསྟན་འཛིན་དབང་མོ། ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ། ཁམས་དཀར་མཛེས་དགོན་ཆེན་གྱི་གྲྭ་ཟླ་བ་ཚེ་རིང་བཅས་ནས་བོད་ལ་རང་དབང་དགོས། ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་ཞི་རྒོལ་སྐད་འབོད་གནང་སྟེ་རང་ལུས་མེ་མཆོད་ཕུལ་ཡོད།

ཛ་དྲག་གི་གནས་སྟངས་འདིའི་ཐད། ཨ་རི་དང་ཌན་མག་སོགས་སྲིད་གཞུང་དང་། ཡུ་རོབ་གྲོས་ཚོགས་དང་། དབྱིན་ལན་གྲོས་ཚོགས་སོགས་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་གསར་འགོད་གསལ་བསྒྲགས་དང་། གྲོས་ཆོད་བཞག་པ། གྲོས་ཚོགས་སུ་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་རིགས་དམངས་གཙོ་ལས་འགུལ་གྱི་ཚོགས་པ་ཁག་དང་། མི་སྒེར་བཅས་ནས་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ལས་འགུལ་སྣ་ཚོགས་སྤེལ་བ་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྔགས་བརྗོད་དང་ཐུགས་ཆེ་ཞུ་རྒྱུ་དང་།

བོད་ས་ཡོངས་དང་། ལྷག་པར་དུ་རང་ལུས་ཞུགས་འབུལ་གྱི་ལས་འགུལ་སྤེལ་ཡུལ་ས་གནས་ཁག་ཏུ་རྒྱ་གཞུང་གིས་དམ་བསྒྲགས་བསུན་གཙེར་སྔར་ལྷག་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་ལས་སྐྱོབ་ཆེད། མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ཡུལ་གྲུའི་གཞུང་དང་གྲོས་ཚོགས་ནས་དྲང་བདེན་དང་། འགྲོ་བ་མིའི་བཟང་སྤྱོད་ཀྱི་ཐོག་ནས་རྒྱ་གཞུང་ལ་འཕྲལ་དུ་གནོན་ཤུགས་ནུས་པ་ཐོན་པ་ཞིག་ཐེབས་ཐབས་གནང་དགོས་པའི་འབོད་སྐུལ་ཤུགས་དྲག་ཏུ་ཞུ་རྒྱུ་དང་།

ཨ་མདོ་རྔ་པ་དང༌། ཁམས་རྟའུ། དཀར་མཛེས་བཅས་སུ་ཛ་དྲག་གནས་སྟངས་དངོས་བདེན་ཇི་ཡིན་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ཞིག་འཕྲལ་དུ་གཏོང་ཐབས་དང་།

རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཕྱི་ཅི་ལོག་པའི་དྲིལ་བསྒྲགས་སྤེལ་བཞིན་པ་དེ་རིགས་ལ་གཞི་འཛིན་ས་རྩ་བ་ནས་མེད་པ་དང་། དེ་ནི་གནས་ཚུལ་ངོ་མ་སྦས་སྐུང་དང་གཡོ་རྫུའི་བྱ་སྤྱོད་ཅིག་ཡིན་པའི་དངོས་དོན་ཐེར་འདོན་བྱེད་དགོས་པ་དང་།

རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྒེར་བ་བཅས་ནས་ཀྱང་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་གང་ཡིན་འབྲེལ་ཡོད་སོ་སོར་ར་སྤྲོད་གསལ་བཤད་དང་། བདེན་པའི་རྒྱབ་ལངས་ངེས་པར་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣༡ ལ།།