ཏཱ་ལའི་བླ་མ་མཆོག་ལ་ངའི་འཚམས་འདྲི་ཞུ་རོགས།

 

བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག སྤྱི་འཐུས་འཇིགས་

མེད་འབྱུང་གནས་མཆོག  སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་མཆོག་བཅས་རྒུ་ཇུ་ར་ཏི་མངའ་སྡེ་ཡི་རྒྱལ་ས་ཨེམ་

རྡ་བྷ་རྡིར་ནས་ཁུལ་དེའི་རྒྱ་གར་ཆབ་སྲིད་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་

ཞུ་གཏུག་དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་པ་རེད།

སྤྱི་འཐུས་རྣམ་པས་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་(Mr Vajubhai

Vala )མཆོག་དང་མཇལ་འཕྲད་ཞུས། ཐོག་མ་ཚོགས་དྲུང་མཆོག་གི་དབུས་ལས་བྱེད་ཁག་ཅིག་གིས་སྣེ་

ལེན་གྱིས་གྲོས་ཚོགས་ཚོགས་ཁང་དང་།  གྲོས་ཚོགས་འགྲེམ་སྟོན་ཁང་།  དཔེ་མཛོད་ཁང་བཅས་ལ་

གཟིགས་སྐོར་ཁྲིད་ཡོད་པ་མ་ཟད། ཚོགས་གཙོ་མཆོག་གིས་ཕེབས་སྒོ་ནས་སྤྱི་འཐུས་རྣམ་པ་གྲོས་ཚོགས་

ཀྱི་ཚོགས་ཁང་དུ་གདན་འདྲེན་ཞུས། དེ་ནི་བོད་མི་མང་སྤྱི་འཐུས་རྣམ་པར་ཆེད་གཉེར་གྱིས་ཆེ་མཐོང་

མཚོན་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཆགས་ཡོད་འདུག  སྤྱི་འཐུས་ལྷན་རྒྱས་ནས་ཚོགས་གཙོ་མཆོག་ལ་

མཇལ་དར་དང་ལག་རྟགས་སོགས་ཕུལ་ཏེ་བོད་དོན་ཞུ་གཏུག་གི་ངོ་སྤྲོད་དང་འབྲེལ་རྒྱབ་སྐྱོར་ཡོང་

བར་རེ་སྐུལ་ཞུས་པར།  ཁོང་གིས་ཏཱ་ལའི་བླ་མ་དང་བོད་ནི་ང་ཚོའི་རྒྱ་གར་རྒྱལ་ཁབ་ཀྱི་སྐུ་འགྲོན་གལ་

ཆེར་ངོས་འཛིན་བྱེད་བཞིན་ཡོད་སྐོར་དང་།  དེ་བཞིན་ཁྱེད་ཅག་བོད་དོན་འཐབ་རྩོད་བྱེད་པར་སེམས་

ཤུགས་མ་ཆག་པ་བྱ་རྒྱུ་དེ་གལ་ཆེན་ཆགས་ཡོད།  སྔོན་ཇིའུ་མི་རིགས་ཁྱེེད་ཅག་དང་འདྲ་བར་འཛམ་

གླིང་གང་སར་ཁ་འཐོར་ནས་ལོ་ངོ་སྟོང་ཕྲག་མང་པོར་གནས་དགོས་གྱུར་ཡོད་ཀྱང་མཐར་རང་དབང་

ཐོབ་ནས་ད་ལྟ་མངའ་ཐང་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན་ཁྱེད་ཚོས་ཀྱང་འཐབ་

རྩོད་ཀྱི་སྐབས་སུ་སྙིང་སྟོབས་ཆེན་པོ་དང་།  རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་

ཡོད་སྐོར་གྱི་ལམ་སྟོན་གནང་ཡོད་པ་རེད།

དེ་རྗེས་མངའ་སྡེའི་སྲིད་སྐྱོང་འབུམ་རིམ་པ་( Kamala Beniwal )མཆོག་དང་མཇལ་བར། ཁོང་གིས་

བོད་མི་རིགས་ཀྱིས་དཀའ་སྡུག་ཆེན་པོ་འདི་འདྲ་ཞིག་གི་འོག་ནས་བཟོད་བསྲན་དང་སྙིང་སྟོབས་ཆེན་

པོས་རྩ་དོན་རྩོད་གླེང་བྱེད་བཞིན་པ་ནི་ཧ་ཅང་གི་གཟི་བརྗིད་ཆེན་པོ་ཞིག་ཡིན་པས་བསྔགས་བརྗོད་ཞུ་

རྒྱུ་དང་།  བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་ཡོད།  རྒྱ་ནག་གཞུང་ནི་གདུག་རྩུབ་ཅན་

དང་ཀུན་སྤྱོད་མེད་པའི་གཞུང་ཞིག་རེད། འོན་ཀྱང་ཁྱེད་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་དེ་

འཐབ་རྩོད་གནང་ན་བདེན་པ་ལ་མཐའ་མར་རྒྱལ་ཁ་འཐོབ་ངེས་རེད་ཅེས་གསུངས།  དགོང་དྲོ་མངའ་

སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་།  ཡོང་ལ་ཉེ་བའི་རྒྱ་གར་སྲིད་བློན་གྱི་འོས་མི་( Mr Narendra

Modi )མཆོག་དང་མཇལ་འཕྲད་གནང་བར།  ཁོང་གིས་བོད་མི་མང་གི་སྤྱི་འཐུས་རྣམ་པར་ཆེ་མཐོང་

ཆེན་པོའི་ངང་ནས་སྣེ་ལེན་ཞུས། སྤྱི་འཐུས་རྣམ་པས་ཀྱང་མཇལ་དར་ཕུལ་ཏེ་འཚམས་འདྲི་དང་སྦྲགས།

བོད་དོན་ཞུ་གཏུག་གི་ངོ་སྤྲོད་ཞུས་སྐབས།  ཁོང་གིས་གསུངས་དོན། ཁོང་ཉིད་ཧི་མ་ཅལ་མངའ་སྡེ་རུ་ལོ་

ལྔ་ལ་བསྡད་པ་ཡིན། བོད་ཀྱི་གནད་དོན་གསལ་པོར་ཤེས་ཀྱི་ཡོད།  ལོ་མང་སྔོན་ནས་བོད་དོན་ལ་རྒྱབ་

སྐྱོར་ཞུས་པ་ཡིན་ལ་ད་ལྟ་ཡང་རྒྱབ་སྐྱོར་བྱེད་མུས་ཡིན།  ཁོང་བོད་དུ་གངས་རིན་པོ་ཆེ་མཇལ་སྐོར་དུ་

བསྐྱོད་མྱོང་། སྐབས་དེར་བོད་ནང་གི་བོད་མི་ཚོར་ཐུག་ཐུབ་པ་ཡོང་གི་རེད་བསམ་ནས་༸གོང་ས་མཆོག་

གི་སྐུ་པར་ཁྱེར་བ་ཡིན།  རོགས་པ་ལས་བྱེད་ཚོས་ཉེན་ཁ་ཆེ་ཚུལ་གསུང་བྱུང་ཡང་གསང་བའི་སྒོ་ནས་ཁྱེར་

བ་ཡིན།  བོད་ནང་གི་བོད་མི་ཚོར་སྤྲོད་སྐབས་ཧ་ཅང་དགའ་པོ་གནང་གི་འདུག་པས་ཕྲན་གྱིས་ལག་

རྟགས་ཡག་ཤོས་ཆགས་སོང་དྲན་བྱུང་ཅེས་དང་།  མཐར་ཁོང་གིས་༸ཏཱ་ལའི་བླ་མར་ངའི་འཚམས་འདྲི་

ཞུ་རོགས་ཅེས་ཀྱང་གསུངས་ཡོད་པའི་གནས་ཚུལ་དུ།