ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༥ ནས་ ༡༩ བར་ཉིན་ལྔའི་རིང་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་། ཌལ་ཧོར་ཕུན་ཚོགས་གླིང་། ཌོ་ལན་ཇི་བོན་གཞིས་བཅས་ཀྱི་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་རྣམ་པ། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ལ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་ཟབ་སྦྱོང་ནང་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༨ མཉམ་ཞུགས་གནང་འདུག

དེ་ཡང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་ཚོགས་ཤིང་། ཐོག་མར་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ནས་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་རྗེས།  ཌལ་ཧོར་ས་གནས་འགོ་འཛིན་ཕུར་བུ་ཚེ་རིང་ལགས་ཀྱིས་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་། ཚོགས་བཅར་བ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་།

སྐབས་དེར་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་འདི་བཞིན་བཙན་བྱོལ་གཞུང་གཞན་དང་མི་འདྲ་བའི་དམིགས་བསལ་ཁྱད་པར་ཅན་ཞིག་ཡིན་པའི་སྐོར་དང་། ༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོངས་རྫོགས་ཁྲིམས་སྒྲིག་དང་ལྡན་པ་ཆགས་ཡོད་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གིས་བོད་ནང་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། བོད་མི་ཚོར་འདུ་འཛོམས་སོགས་ཀྱི་རང་དབང་སྤུ་ཙམ་ཡང་མེད་པ། ང་ཚོ་བཙན་བྱོལ་ནང་སྡོད་མཁན་ཚོར་རང་དབང་ཡོད་དུས། གོ་སྐབས་དམ་འཛིན་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་སྐོར་དང་། གཞོན་སྐྱེས་རྣམས་ནས་ཉེ་རབས་བོད་ཀྱི་འདས་པའི་དངོས་ཡོད་ལོ་རྒྱུས་རྣམས་ངེས་པར་དུ་སྦྱང་ཤེས་དགོས་པ་མ་ཟད། དེང་དུས་ཀྱི་མང་གཙོའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་གནས་སྟངས་ལའང་དོ་སྣང་བྱེད་དགོས་པ། ད་རེས་ཟབ་སྦྱོང་འདི་བརྒྱུད་ནས་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་གཉིས་ཀས་ཕྱག་ལས་གནང་སྟངས་ཐོག་གོ་རྟོགས་ཆེ་ཙམ་ཡོང་རྒྱུ་དང་། མི་མང་གི་བདེ་སྡུག་གང་ལེགས་གཟིགས་ཐུབ་རྒྱུའི་རེ་བ་ཞུ་ཡི་ཡོད་པ་བཅས་ཀྱི་སྐོར་གསུང་བཤད་གནང་བ་དང་།

བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པར་ཟབ་སྦྱོང་འབུལ་དགོས་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་སྐོར་དང་། ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་དབར་གྱི་འབྲེལ་བ་དང་། ལས་དོན་ཇི་ཙམ་གལ་ཆེན་ཡིན་སྐོར། ཟབ་སྦྱོང་ཉིན་གྲངས་ ༥ ཡི་ལས་རིམ་མདོར་བསྡུས་སྐོར་གསུངས་པ་དང་། དེ་བཞིན་ཆབ་སྲིད་ཀྱི་དམིགས་ཡུལ་འདི་དུས་རྒྱུན་དུ་རྒྱ་ཆེ་ས་ནས་ཐུགས་བསམ་བཞེས་དགོས་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་བརྩེ་བའི་མ་ལྟར་བཙན་བྱོལ་བོད་མིའི་མང་གཙོ་འདི་ཉིད་བོད་རིགས་མི་མང་ལ་གསོལ་རས་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་སྙིང་བསྡུས་དང་། ཚང་མས་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་གོམ་པ་སྤོ་དགོས་པ། བོད་མི་མང་སྤྱི་འཐུས་རྣམ་པ་ནི་འཛིན་སྐྱོང་བཀའ་ཤག་དང་མི་མང་གི་ཟམ་པ་ལྟ་བུ་ཡིན་པ་དང་། སྤྱི་འཐུས་རྣམ་པ་མི་མང་གི་སྐུ་ཚབ་ཡིན་དུས། སྤྱི་འཐུས་རྣམ་པས་ཕྱག་ལས་ག་རེ་གནང་གི་ཡོད་མེད་ཐོག་མི་མང་གིས་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ། ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་གྲུབ་རྗེས་ཚོགས་བཅར་བ་རྣམ་པ་གང་ལ་གང་འཚམས་ཀྱིས་ཁྲིམས་སྒྲིག་ཁག་གི་སྐོར་གོ་རྟོགས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་བ་དང་། གཞན་ཡང་ཚོགས་བཅར་བ་རྣམ་པས་ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཟབ་ཁྲིད་སྐབས་སུ་དྲི་བ་ཆེ་ཆུང་ལ་མ་ལྟོས་པར་ཚང་མས་དྲི་བ་གང་མང་གཏོང་གནང་རྒྱུ་དང། ལས་དོན་ཚགས་ཚུད་ཡོང་སླད་ཕན་ཚུན་ངོ་ཤེས་གནང་དགོས་སྐོར་སོགས་ཀྱི་འབོད་སྐུལ་ཞུས་འདུག

དེ་ནས་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་ཀྱིས། ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་འཐུས་ཟབ་སྦྱོང་གོ་སྒྲིག་གནང་བ་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་ཟབ་ཁྲིད་གནང་རྒྱུའི་དུས་ཚོད་བཏོན་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས། ཌལ་ཧོར་གཞིས་ཆགས་ཀྱི་ས་འཐུས་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་བ་་དང་། ཌལ་ཧོར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་དྲུང་པ་སངས་ཆོས་སྐྱིད་ལགས་ནས་ཟབ་སྦྱོང་གི་ལས་རིམ་ངོ་སྤྲོད་གནང་རྗེས། ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་འདུག

ཟབ་སྦྱོང་ཉིན་དང་པོ་སྟེ་ཕྱི་ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ཟབ་ཁྲིད་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

ཟབ་སྦྱོང་ཉིན་གཉིས་པ་ཕྱི་ཚེས་ ༡༦ ཉིན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་ཁྲིད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་བཞུགས་སྒར་རྡ་ས་དང་། ཨོ་རི་ས། ལ་དྭགས། སྒང་ཏོག ས་ལུ་སྒ་ར་བཅས་ས་གནས་ཁག་ལྔ་ལ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་ཟིན་པ་དང་། ད་རེས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་བཞིན་ས་འཐུས་ཟབ་སྦྱོང་ཐེངས་དྲུག་པ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་དེར་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ USAID དང་། རྒྱལ་སྤྱིའི་མང་གཙོ་བསྟི་གནས་ཁང་གཉིས་ཡིན་འདུག་པ་བཅས། །