བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་གོ་སྒྲིག་ཞུས་པའི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཌལ་ཧོར་ཕུན་ཚོགས་གླིང་དུ་གོ་སྒྲིག་ཞུས་པའི་ཉིན་གྲངས་ལྔའི་རིང་གི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁུལ་གྱི་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་། ཌལ་ཧོར་ཕུན་ཚོགས་གླིང་། ཌོ་ལན་ཇི་བོན་གཞིས་བཅས་ཀྱི་ས་གནས་འཐུས་མི་རྣམ་པར་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ལེགས་གྲུབ་ངང་མཇུག་བསྒྲིལ་གནང་ཡོད་འདུག

​དེ་ཡང་ཟབ་སྦྱོང་གི་ཉིན་དང་པོའི་སྐབས་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སྐོར་དང་། ཉིན་གཉིས་པར་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་འགོ་ཁག་བཅས་ཀྱི་ཐོག་ཟབ་ཁྲིད་གནང་ཡོད་འདུག

ཉིན་གསུམ་པར་ཟབ་སྦྱོང་བ་རྣམ་པས་ཉིན་རྗེས་མ་གཉིས་ཀྱི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་ཆེད་འབྲེལ་ཆགས་ཡིག་ཆ་ཁག་དང་ཉིན་གཉིས་ཀྱི་ལས་རིམ་བཅས་བཟོ་རྒྱུའི་འོག་གྲབས་གནང་ཡོད།

ཟབ་སྦྱོང་ཉིན་བཞི་པ་དང་ལྔ་པ་གཉིས་ཀྱི་སྐབས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་གཟིགས་ཞིབ་འོག ཟབ་སྦྱོང་བ་རྣམས་ཚང་འཛོམས་ཀྱིས་གྲོས་ཚོགས་དངོས་སུ་ཚོགས་པ་ལྟར་དམར་ཁྲིད་ཀྱི་ལས་རིམ་བསྐྱངས་ཡོད་ཅིང་། ཉིན་དང་པོར་ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། དེ་རྗེས་ཌལ་ཧོར་ས་འཐུས་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་སྟེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད། དེ་རྗེས་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་དངོས་སུ་འགོ་འཛུགས་གནང་ཡོད།

ཉིན་གཉིས་ཀྱི་དམར་ཁྲིད་རིང་ཌལ་ཧོར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་དང་ཌོ་ལན་ཇི་བོན་གཞིས་ས་གནས་འཐུས་ཚོགས་ཚོགས་གཙོ་ཤེས་རབ་གྲགས་པ་ལགས་རྣམ་གཉིས་ནས་རེས་མོས་ཀྱིས་གྲོས་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

དམར་ཁྲིད་གྲོས་ཚོགས་ཉིན་གཉིས་ཀྱི་ཚོགས་འདུའི་སྐབས་ཚོགས་བཅར་བ་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། སྐར་རྟགས་ཅན་གྱི་དྲི་བ། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར། ལོ་འཁོར་ལས་བསྡོམས། སྒྲིག་གཞི་བསྐྱར་བཅོས་གྲོས་འཆར་དང་བཟོ་བཅོས་གྲོས་འཆར། གཏོང་ལེན་ཁྲིམས་ཡིག ས་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར། མཇུག་བསྡོམས་གསུང་བཤད་བཅས་འདོན་རྒྱུའི་གོ་སྐབས་བྱུང་ཡོད་འདུག

​ཟབ་སྦྱོང་བ་རྣམ་པས་དམར་ཁྲིད་ལས་རིམ་སྐབས་ཐུགས་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་ཡོད་པ་མ་ཟད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་རིམ་ཐོག་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་སྐབས་དུས་སོ་སོར་སྐྱོན་གནད་ཡོ་བསྲང་གི་སློབ་སྟོན་གནང་ཡོད་པ་རེད།

​​​མཐར་མཇུག་བསྡོམས་མཛད་སྒོའི་ཐོག བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཟབ་ཁྲིད་གནང་བའི་སྐབས་སུ་ཟབ་སྦྱོང་བ་རྣམ་པས་ཐུགས་སྣང་ཆེན་པོ་གནང་བ་དང་། སྡེ་ཚན་ཆ་བགོས་བྱས་ཏེ་ཡིག་ཆ་བཟོས་པའི་སྐབས་སུའང་ཚང་མས་ཆ་ཤས་ཡག་པོ་བཞེས་པར་བསྔགས་བརྗོད་གནང་བ་དང་འབྲེལ། ས་གནས་ནང་གྲོས་ཆོད་གང་འཇོག་པ་ཡིན་ནའང་ས་གནས་ས་ཐོག་ཏུ་ལག་ལེན་འཁེལ་ཐུབ་པ་ཞིག་འཇོག་ཐུབ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ད་རེས་ཟབ་སྦྱོང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། སྔོན་རྩིས་གཏན་འབེབས་གནང་ཕྱོགས་གང་ཤེས་པ་དེ་ཚོ་གཞན་ལ་ལམ་སྟོན་དང་། རྒྱུད་སྤེལ་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར། འགན་ཁུར་མཁན་ཚང་མས་ནུས་པ་མཉམ་སྤུངས་གནང་རྒྱུའང་གལ་ཆེན་པོ་ཡིན་པ་སོགས་སྐོར་བཀའ་སློབ་གནང་བ་དང་།

མཐའ་མར་ཌལ་ཧོར་ཕུན་ཚོགས་གླིང་ས་འཐུས་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་ཀྱིས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་འདིས་ཧ་ཅང་གི་ཕན་རླབས་ཆེན་པོ་བྱུང་ཡོད་པའི་སྐོར་དང་། མ་འོངས་པར་ཡང་དེ་ལྟར་ཟབ་སྦྱོང་མུ་མཐུད་གོ་སྒྲིག་གནང་བའི་རེ་སྐུལ་བཅས་ཞུས་པ་དང་སྦྲགས། དམིགས་བསལ་གྱིས་ད་རེས་ཟབ་ཁྲིད་པ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་། དེ་བཞིན་ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཟབ་རྒྱས་གནང་སྟེ། ས་འཐུས་ཀྱི་ཟབ་སྦྱོང་དེ་བཞིན་མཇུག་བསྒྲིལ་ལེགས་གྲུབ་བྱུང་ཞིང་།

ཟབ་སྦྱོང་གི་ཉིན་མཐའ་མའི་དགོང་དྲོར་ཚོགས་བཅར་བ་ཡོངས་ལ་དགའ་སྐྱེལ་གསོལ་སྟོན་ཞིག་འབུལ་སྲོལ་ཡོད་པ་ལྟར། ཕྱི་ཚེས་ ༡༩ ཕྱི་དྲོར་ཌལ་ཧོར་ཕུན་ཚོགས་གླིང་བཟོ་གྲྭའི་མགྲོན་ཁང་གི་ཚོམས་ཆེན་ནང་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་ཤིང་། སྐབས་དེར་ཌལ་ཧོར་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་མིན་ཚོགས་སྐྱིད་ཁག་གི་གཙོ་འཛིན་རྣམ་པ་སྐུ་མགྲོན་དུ་གདན་འདྲེན་ཞུས་ཏེ་ཚང་མ་ལྷན་འཛོམས་ཀྱིས་དགོང་ཚིགས་ལ་རོལ་རྗེས། ཟབ་སྦྱོང་གོ་སྒྲིག་གནང་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་ནས་བཀའ་སློབ་གསུང་བཤད་སྙིང་བསྡུས་ཤིག་གནང་རྗེས་ཌལ་ཧོར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་གསོལ་སྟོན་ལེགས་པར་གྲུབ་ཡོད་པ་བཅས།།