ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༩ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་ (Jiří Oberfalzer, Vice President of the Czech Senate) མཆོག་དང་། ཁོང་གི་སློབ་སྟོན་པ་སྐུ་ཞབས་པི་ཊར་ ཀོ་ས་ཊ་ཀ་ (Mr. Petr Kostka, Advisor to Jiří Oberfalzer) མཆོག། ལྡི་ལིར་རྟེན་གཞི་བྱས་པའི་ཅེག་གཞུང་ཚབ་ཁང་གི་དྲུང་ཆེ་སྐུ་ཞབས་ཨ་ཌ་མ་ པོ་དྷོ་ལ་  (Mr. Adama Podhola, Secretary of Czech Embassy in New Delhi) མཆོག དེ་བཞིན་སྣེ་ལེན་ལས་བྱེད་ལྕམ་སྐུ་ར་དྷ་ཀ་ ཛི་མ་ནོ་ཝ་ (Ms. Radka Zemanová, Protocol Department) ལགས། སྐད་བསྒྱུར་ལས་བྱེད་ལྕམ་སྐུ་ཛུ་ཛ་ན་ ཝོ་ཀུར་ཀོ་ཝ་ (Ms. Zuzana Vokurková, Interpreter) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཕེབས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་མཆོག་གིས་གཙོས་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་སྣེ་ལེན་དང་། དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཉམ་འཛོམས་ཐོག

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོང་རྣམས་བཞུགས་སྒར་རྡ་སར་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སྐུ་ཞབས་ཝ་ཚི་ལབ་ཧཱ་ཝེལ་ (Vaclav Havel) མཆོག་གིས་ཕྱི་ལོ་ ༡༩༩༠ ལོར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཅེག་གི་རྒྱལ་ས་པ་རག་ (Prague) ལ་གདན་ཞུས་གནང་བ་ནས་བཟུང་སྟེ། བཙན་བྱོལ་བོད་མིའི་གྲོས་ཚོགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་རེད། དེ་བཞིན་བོད་མི་དང་། ཅེག་མི་མང་དབར་བློ་ཉེ་པོ་ཆགས་ཡོད་པ། ཕྱི་ལོ་ ༢༠༡༤ ལོར་དཔལ་ལྡན་ཚོགས་གཙོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཕེབས་ནས་དེ་གའི་གྲོས་ཚོགས་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་སོགས་མཇལ་འཕྲད་གནང་བའི་སྐོར། གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། བཙན་བྱོལ་བོད་མིའི་མང་གཙོ་ནི་སྲིད་དོན་ཚོགས་པ་མེད་པའི་མང་གཙོ་ཡིན་སྐོར་སོགས་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་ངོ་སྤྲོད་དང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་སོགས་རྩིས་མེད་རྡོག་རོལ་བཏང་སྟེ། ད་ལྟའི་ཆར་བོད་ནང་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ། ཅེག་སྤྱི་མཐུན་རྒྱལ་ཁབ་དང་། བོད་མིའི་སྒྲིག་འཛུགས་དབར་འབྲེལ་བ་དམ་ཟབ་ཆགས་བསྡད་ཡོད་སྟབས། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་གནང་རོགས་ཞེས་གསུངས་གནང་བ་དང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁོང་རྣམས་སྣེ་ལེན་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་བཟུང་ནས་ད་ཆ་བོད་རྒྱལ་ཁབ་འདི་ཉིད་རྒྱའི་བཙོན་ཁང་ཆེན་པོ་ལྟ་བུ་ཞིག་ལ་བཟོས་ཏེ་བོད་མི་ཚོའི་སྨྲ་བརྗོད་ཀྱི་རང་དབང་ཡོངས་རྫོགས་འཕྲོག་པ་མ་ཟད། མི་རིགས་མཐུན་སྒྲིལ་ཞེས་ཟེར་ནས་བོད་མི་རྣམས་ལ་བཙན་ཤེད་ཐོག་རྒྱ་གཞུང་གིས་བསམ་བློ་བསྒྱུར་བཅོས་ཀྱི་སློབ་གསོ་སོགས་སྤེལ་ཏེ་བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པའི་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་ཡོད་པ་དང་། དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཐོག་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྐོར། མང་ཚོགས་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་ཡོད་རུང་དེར་བརྩི་བཀུར་གནང་གི་ཡོད་པ་སོགས་གསུངས་པ་དང་། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ནས་ད་བར་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྒྱལ་ས་ལྡི་ལིར་ཅེག་གཞུང་ཚབ་ཁང་ལ་ཕེབས་སྐབས། དེ་ནས་སྣེ་ལེན་མཐུན་འགྱུར་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་སོང་།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ཨོ་བྷི་ལེ་རྫར་མཆོག་གིས་དེ་སྔོན་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ཇི་ནི་ཝ་ལ་མཇལ་འཕྲད་གནང་རྗེས། བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུའི་ཐག་གཅོད་གནང་བ་ཡིན་སྐོར་དང་། གསུམ་བཅུའི་དུས་དྲན་ནི་ཧ་ཅང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན་ཁོང་བཞུགས་སྒར་དུ་དངོས་སུ་བཅར་བ་ཡིན་སྐོར། དེ་བཞིན་གསུམ་བཅུའི་དུས་དྲན་ཉིན་ཅེག་གྲོས་ཚོགས་གོང་མ་དང་། ཅེག་ཁུལ་གྱི་ས་གནས་འདྲ་མིན་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་གི་ཡོད་པའི་སྐོར་སོགས་གསུངས་གནང་སོང་།

 

མཐར་སྐུ་མགྲོན་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཁོང་རྣམས་ལ་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་ངོ་སྤྲོད་གནང་རྗེས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་མཆོག་གིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་སོ་སོར་ཕྱག་རྟགས་ཕུལ་གནང་སོང་བ་བཅས། །