ངག་དབང་ནོར་འཕེལ་དང་བསྟན་འཛིན་མཁས་གྲུབ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

བསྟན་འཛིན་མཁས་གྲུབ།བསྟན་འཛིན་མཁས་གྲུབ། ངག་དབང་ནོར་འཕེལ།ངག་དབང་ནོར་འཕེལ།

 

ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་གྱི་ཉིན་རྒྱབ་ཁམས་ཡུལ་ཤུལ་རྫ་སྟོད་གྲོང་བརྡལ་དུ། ཨ་མདོ་རྔ་པ་ཁུལ་རྔ་པ་རྫོང་ནས་ཡིན་པ་ཕ་ལྷག་པ་དོན་འགྲུབ་དང་མ་ཚེ་རིང་དབྱངས་ཅན་གཉིས་ཀྱི་བུ། རང་ལོ་ ༢༢ ལ་སོན་པ་ངག་དབང་ནོར་འཕེལ་དང་། (ཁོང་ལོ་ཤས་གོང་ནས་རྫ་སྟོད་དུ་ཡོང་སྟེ་བསྡད་ཡོད་འདུག) ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བའི་སྐམ་ཡུལ་རུ་ཁག་གསུམ་པ་ནས་ཡིན་པ་ཕ་ལེགས་གྲུབ་དང་མ་སྐྱིད་འཛོམས་གཉིས་ཀྱི་བུ། རང་ལོ་ ༢༤ ཡིན་པ་བསྟན་འཛིན་མཁས་གྲུབ་གཉིས་ཀྱིས། ཡུལ་ཤུལ་རྫ་སྟོད་གྲོང་བརྡལ་དུ་བོད་ཀྱི་རྒྱལ་དར་རེ་འཕྱར་བོད་རང་བཙན་དགོས་༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག སྐད་འབོད་བརྒྱབ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་འདུག་པ་དང་། བསྟན་འཛིན་མཁས་གྲུབ་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད་ཅིང་།

དང་ཐོག་ངག་དབང་ནོར་འཕེལ་ཟིལ་དཀར་དགོན་དུ་ཉར་ཡོད་ཀྱང་གསོན་པའི་རེ་བ་དེ་ཙམ་མེད་པ་དང། ཕྱི་དྲོ་ཆུ་ཚོད་ ༤ ཐོག་ཟི་ལིང་སྨན་ཁང་དུ་ཁུར་ཡོད་འདུག སྐབས་དེར་གྲྭ་མང་པོས་ཁོང་རྒྱ་མིའི་ལག་ཏུ་སོང་ཚེ་མནར་གཅོད་ཕོག་རྒྱུ་ཉག་གཅིག་ཡིན་པས་སྤྲོད་རྒྱུ་མིན་ཞེས་བཤད་ཡོད་ཀྱང་། མཐར་དགོན་པའི་དོ་དམ་མི་སྣ་དང་ཉེན་རྟོག་པའི་བར་གྲོས་སྡུར་བྱས་ནས། གྲྭ་བ་གཉིས་ནད་གཡོག་ལ་བསྡད་ཆོག་པར་བྱས་པས་གྲྭ་བ་ཚོས་སྨན་བཅོས་ལ་གཏོང་རྒྱུའི་ཁས་ལེན་བྱས་འདུག ཁོང་གཉིས་ཀྱི་རང་ལུས་མེར་སྲེག་གཏོང་ས་དེར་མི་ཧ་ཅང་མང་པོ་ཞིག་ཡོད་འདུག མེ་འབར་ཤུགས་ཆེ་བས་གསོད་ཐབས་མ་བྱུང་བ་དང་། དེར་ཡོད་མི་རྣམས་ཀྱིས་ཀྱང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ལ་རང་དབང་དགོས་སོགས་སྐད་བརྒྱབ་ཡོད་འདུག ད་དུང་མི་ཁ་ཤས་ཤིག་གིས་ངུ་འབོད་བྱེད་བཞིན་ང་ཚོ་ཁྱེད་གཉིས་དང་མཉམ་དུ་ཡོད། ཁྱེད་གཉིས་ཀྱི་ཐུགས་དགོངས་ཚང་མ་ང་ཚོས་སྒྲུབ་ངེས་ཡིན་ཞེས་སྐད་བརྒྱབ་འདུག ངག་དབང་ནོར་འཕེལ་ལགས་ཀྱིས་སྐད་ཆ་བཤད་ཐུབ་ཀྱི་མེད་པ་དང་། སྐབས་རེ་ཁ་ཅུང་ཙམ་གྲག་ཐུབ་དུས་སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་བརྟན་པ་ཤོག་ཅེས་འབོད་ཡོད་འདུག

self immlation by two young boyself immlation by two young boyཁོང་གཉིས་ཀྱིས་རང་ལུས་མེར་སྲེག་མ་བཏང་བའི་སྔོན་དུ་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང། “ངེད་གཉིས་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས་སོགས་གང་ལ་ཡང་ནུས་པ་འདོན་མི་ཐུབ་ཅིང་། དཔལ་འབྱོར་གྱི་ཕྱོགས་ནས་བོད་མི་མང་ལ་ཕན་པའི་ལས་ཀ་ཅི་ཡང་བྱེད་མི་ཐུབ། དེའི་ཕྱིར་ངེད་གཉིས་ཀྱིས་རང་གི་ནུས་ཚོད་ཀྱིས་བོད་མི་རིགས་དང་ལྷག་ཏུ་༧གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པ་དང་། ཁོང་མྱུར་དུ་བོད་ལ་ཞབས་སོར་ཐུབ་པའི་རམ་འདེགས་སུ་རང་ལུས་མེར་བསྲེགས་ཀྱི་ལས་གཞི་འདི་བདམས་པ་ཡིན། ངེད་གཉིས་དང་འདྲ་བའི་བོད་ཀྱི་གཞོན་སྐྱེས་ཚོར་ཞུ་སྙིང་། ང་ཚོའི་བོད་ནང་ཁུལ་ནས་རྒྱག་རེས་རྒྱག་རྒྱུ་དང་ནང་རྩོད་བྱེད་རྒྱུའི་བྱ་སྤྱོད་རིགས་ནམ་ཡང་མི་བྱེད་པའི་དམ་བཅའ་དང་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།”ཅེས་འཁོད་ཡོད་འདུག

self immolationself immolationཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༤༡ བྱུང་ཡོད་པའི་ནང་ནས། འདས་གྲོངས་སུ་གྱུར་པ་ ༣༡ ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་གཏོང་བར། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནས་རང་ལུས་མེར་སྲེག་སོགས་ཀྱིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་བ་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལ་སྤྲོད་ས་མེད།

ད་ལྟའི་སྐབས་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར། བོད་ནང་རང་ལུས་མེར་སྲེག་དང་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་སོགས་བྱུང་སྐབས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། ལས་འགུལ་བ་མི་སྒེར་བཅས་ལ་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། རྒྱལ་ཁབ་འདྲ་མིན་ནང་བརྒྱུད་ལམ་སྣ་ཚོགས་ལ་འགྲོ་གྲོན་ཕོན་ཆེན་བཏང་ནས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང་། གལ་ཏེ་རྒྱ་ནག་གཞུང་གིས་བརྗོད་བཞིན་པ་དེ་དངོས་ཡོད་ཡིན་ན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་རྟོག་ཞིབ་པ་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་མེད་ལ། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་དགའ་བའི་སྲིད་གཞུང་ཚོས། བོད་ནང་གི་དངོས་ཡོད་རྟོགས་ཆེད་དུ་རྒྱལ་ས་ལྷ་སའི་ནང་འབྲེལ་མཐུད་ལས་ཁུངས་འཛུགས་འཆར་ཡོད་པ་བཅས་བཀག་འགོག་བྱས་དགོས་པའི་རྒྱུ་མཚན་དེ་བས་མེད།

ཉེ་བའི་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མདོ་སྟོད་སྨད་གཙོས། ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་བཏང་བ་དང་། རྒྱ་མི་ཕུད་གཞན་བོད་མི་རྣམས་ལྷ་སར་ཡོང་མི་ཐུབ་པའི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཤིག་དང་། རོགས་རམ་གྱི་མིང་འོག་ནས་བོད་རིགས་སློབ་ཐོན་པ་ཚོ་རྒྱ་ནག་གི་ས་ཁུལ་ཁག་ཏུ་བཏང་པ་དང་། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་སློབ་ཐོན་པ་ཚོར་ལས་ཀའི་གོ་སྐབས་སྤྲོད་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་པ་འདིས། བོད་རིགས་བོད་ས་གནས་མི་ཐུབ་པ་དང་བོད་ཡུལ་རྒྱ་ཡུལ་ལ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གིས། རྒྱ་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དང་། བོད་མི་ཚོའི་ཚེ་སྲོག་དང་འབོད་སྒྲ་རྣམས། འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་རྩོད་པའི་འབོད་སྒྲ་ཡིན་པ་ཤེས་བཞིན་དུ། ད་དུང་ཡང་ཉིན་འགྱངས་ཞག་འཕུད་བྱས་ནས་དེ་མུར་འཇོག་ན། དྲང་བདེན་དང་ཞི་བདེ་ལ་མོས་པའི་འགྲོ་བ་མི་ཀུན་གྱི་ཡིད་ཆེས་དང་རེ་བ་བརླགས་ངེས་པ་དང་། ས་ཡི་གོ་ལའི་ཁྱོན་ལ་ཉེས་ཅན་རྒྱ་ཡན་དུ་འགྲོ་རྒྱུ་ཡིན་པས། ངེས་པར་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་སྒྱུར་བཅོས་ཡོང་བར་གནོན་ཤུགས་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༡༠༡༢ ཟླ་ ༦ ཚེས་ ༢༡ ཉིན།