གྲྭ་ལུང་རྟོགས་དང་མི་སྐྱ་བཀྲིས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་དགོས་བྱུང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་བོད་ནང་གི་ཆུ་ཚོད་ ༦།༥༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་། ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་རང་ལོ་ ༢༡ ཡས་མས་ཡིན་པའི་མི་སྐྱ་བཀྲ་ཤིས་དང་། རང་ལོ་ ༢༠ ཡས་མས་ཡིན་ཞིང་སོ་རུ་མ་སྡེ་བའི་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་ལུང་རྟོགས་གཉིས་ཀྱིས། རྔ་པ་ཀིརྟི་དགོན་པའི་འདབ་ཀྱི་མ་ཎི་འཁོར་ཁང་ཞིག་གི་ནང་ནས་རང་ལུས་ལ་མེར་བསྒྲོན་ཏེ་དཔའ་བོའི་སྲང་ལམ་ནས་ངོ་རྒོལ་སྐད་འབོད་གནང་ཡོད་འདུག དེ་ཡང་གྲྭ་ལུང་རྟོགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་གཞུང་ལམ་དབུས་མའི་བཞི་མདོར་བསླེབས་མཚམས། རྒྱ་མིའི་ཉེན་རྟོག་པ་ཁག་ཅིག་གིས་རུབ་ནས་མེ་བསད་དེ་བཙན་ཁྲིད་བྱས་ཡོད་འདུག་པ་དང་། བཀྲ་ཤིས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་ཡོང་སྐབས། གཞུང་ལམ་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་མང་པོས་རུབ་བརྡུང་བྱས་ནས་མེ་བསད་དེ་སྣུམ་འཁོར་ནང་བཙན་ཁྲིད་བྱས་ཡོད་ཀྱང་། སྐབས་དེར་ཁོང་གྲོངས་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མི་འདུག ཁོང་གཉིས་སྐབས་ཐོག་དེར་རྔ་པའི་སྨན་ཁང་དུ་ཁྱེར་ནས་དུས་ཚོད་ཕྱེད་ཀ་ཙམ་རིང་བསྡད་རྗེས་འབར་ཁམས་ལ་ཁྱེར་ཡོད་ཀྱང་། དངོས་སུ་མཐོང་མཁན་གྱིས་བརྗོད་པ་ལྟར་ན། གཉིས་ཀ་མེས་ཚིག་པའི་རྨས་སྐྱོན་ཚབས་ཆེན་ཡིན་སྟབས་གསོན་པོ་ཡོང་རེ་མེད་སྐོར་བརྗོད་འདུག

གྲྭ་ལུང་རྟོགས་ཀྱི་ཕ་མིང་ལ་རིས་ཆུང་དང་མ་མིང་ལ་ཀླུ་མོ་ཟེར་བ་དང་ཕ་དེ་སྔོན་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་ཡིན་ཞིང་བཀྲ་ཤིས་གྲྭ་པ་ཡིན་སྐབས་ཁོང་གཉིས་འཛིན་གྲྭ་གཅིག་པ་ཡིན་འདུག ཟླ་འདིའི་༡༣ ཉིན་གྱི་སྔ་དྲོ་སྨན་པ་གྲྭ་ཚང་ཚོགས་འཚོགས་སྐབས་ལུང་རྟོགས་ཀྱིས། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ། དགེ་འདུན་རེ་ལ་རྒྱ་སྒོར་གཅིག་རེ་སྐུ་འགྱེད་བཏང་སྟེ་བསྔོ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་སྐུལ་གནང་འདུག བཀྲ་ཤིས་ཀྱི་མ་མིང་ལ་རྔ་པོ་ཟེར་ཞིང་ཁོང་དེ་སྔོན་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་དང་། ཕྱི་ལོ་༢༠༡༡ ལོར་སྐྱ་སར་བབས་ནས་ཕ་མའི་རྩར་བསྡད་ཡོད་འདུག ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་མ་ཐག ཉེ་འཁོར་གྱི་མི་མང་གིས་ཀི་སྒྲ་བརྒྱབ་ཏེ་སྐད་འབོད་སྣ་ཚོགས་བྱས་འདུག་པར། དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་བསླེབས་ཏེ། མི་མང་ལ་ལྕགས་དབྱུག་འཛེར་མ་ཅན་སོགས་ཀྱིས་གང་བྱུང་གཅར་རྡུང་བྱས་ནས། མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཤིང་། མི་ཁག་ཅིག་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་པར་མ་ཟད། མི་གཅིག་གི་མགོ་ལ་ལྕགས་དབྱུག་འཛེར་མ་ཅན་གཞུས་ཏེ། མགོ་ཡོངས་རྫོགས་ཁྲག་གིས་བགོས་ཡོད་པར་བཟོས་ཡོད་འདུག་པ་དང་། ད་ལྟའི་སྐབས་མི་དེའི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མི་འདུག དེའི་རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དམིགས་བསལ་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོགས་བྱས་འདུག

ཟླ་འདིའི་ཚེས་ ༡༤ ཉིན་ཡང་རྔ་པའི་རྫོང་མཁར་ལ་དམིགས་བསལ་ཉེན་རྟོག་པ་དང་། སྤྱི་བདེ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཡོད་འདུག་པ་དང་། ཉིན་འདིའི་ཞོགས་པར་གནས་ཚུལ་གསར་དུ་འབྱོར་གསལ་ལ། གྲྭ་ལུང་རྟོགས་འདས་གྲོངས་སུ་ཕྱིན་ཡོད་ཀྱང་ཁོང་གི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་སྟབས་ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་དང་། མི་མང་པོར་ཛ་དྲག་གི་རྨས་སྐྱོན་སོགས་ཐེབས་ཡོད་ཀྱང་ད་དུང་གནས་ཚུལ་ཇི་བཞིན་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས། གནས་ཚུལ་མཁོ་སྤྲོད་བས་འགྲེལ་བརྗོད་བྱས་ཡོད། དུས་དེ་རིང་གི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་༤༩ བྱུང་ཡོད་པའི་ནང་ ༣༧ འདས་གྲོངས་སུ་གྱུར་ཡོད། ལུང་རྟོགས་དང་བཀྲིས་གཉིས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཁ་གསལ་དེ་ཙམ་མེད་པས། འདས་གྲོངས་སུ་གྱུར་པའི་གྲངས་ཀ་ ༣༧ རང་འཇགས་བཞག་པ་དང་གནས་ཚུལ་རིམ་གྱིས་གསལ་རུ་འགྲོ་དུས་འགོད་སྣོན་ཞུ་གི་ཡིན། གང་ ལྟར་བོད་ནང་གི་ཛ་དྲག་གི་གནས་ཚུལ་འདི་དག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ ཀྱིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ཁོ་ན་ལ་བརྟེན་ནས་ཡོང་གི་ ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་རིམ་པའི་ནང་བཀོད་ཡོད་པ་དེ་བསྐྱར་ནན་བྱེད་རྒྱུ་ཡིན།

དུས་ཚོད་ཐུང་ངུ་འདི་འདྲ་ཞིག་གི་ནང། བོད་ནང་ཕོ་དང་མོ། དགེ་འདུན་པ་དང་བཙུན་མ། ཞིང་པ་དང་འབྲོག་པ།རྒན་གཞོན་དབྱེར་མེད་ཀྱིས། རང་གི་དྲིན་ཆེན་ཕ་མ་དང་། ཤ་ལས་སྐྱེས་པའི་བུ་ཕྲུག རིན་ཐང་བྲལ་བའི་རང་གི་ཚེ་སྲོག་བློས་བཏང་ནས་བོད་ཀྱི་བདེན་པ་རྩོད་ཀྱི་ཡོད་པ་ལ། དྲང་བདེན་དང་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་མཁན་གྱི་རྒྱལ་ཚོགས་སོགས་ཀྱིས་ཐེད་གཏོགས་བྱེད་དགོས་པའི་དུས་ལ་བབ་ཡོད། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་མི་སེར་ས་ཡ་མང་པོར་གནས་ཚུལ་ཡོངས་རྫོགས་འགྲེལ་ལོག་བརྒྱབ་ནས། རྒྱ་བོད་མི་རིགས་དབར་འཁོན་འཛིན་སློང་ཐབས་བྱས་དང་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དངོས་ཡོད་ཀྱི་གནས་ཚུལ་ཤེས་བཞིན་དུ། ད་དུང་ཡང་བོད་ནང་ཛ་དྲག་གི་གནས་ཚུལ་མ་མཐོང་མདོག་བྱས་ཏེ་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི། འཁྱོག་བཤད་དང་གཡོ་སྒྱུ་ལ་རྒྱབ་སྐྱོར་དང་དྲང་བདེན་དང་ཉམ་ཆུང་རྡོག་རོལ་དུ་བཏང་བ་ཞིག་ཆགས་འགྲོ་གི་ཡོད་ན། དེ་དོན་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་སྲིད་གཞུང་། གཟུ་བོར་གནས་པའི་གསར་འགོད་པ་སོགས་ཀྱིས་བོད་དོན་དང་རང་ལུས་མེར་སྲེག་ཐེད། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་གནོན་ཤུགས་ངེས་པར་དུ་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༤ ཉིན།།