གྲོས་ཚོགས་འཕར་མའི་ཐོག་སྤྱི་ལྷན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

གྲོས་ཚོགས་འཕར་མ་འདིའི་ཐོག་ནས། སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཡུན་རྫོགས་འགྲོ་གི་ཡོད་པ་རེད། ཐོག་མའི་འཆར་གཞི་ལ་གྲོས་ཚོགས་འདིའི་སྟེང་ནས། སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཆ་ཚང་གཞི་ལ་བཞག་སྟེ། ཚོགས་གཙོའི་ངོས་ནས་ཚིག་ཕྲན་བུ་ཞིག་བཤད་འདོད་ཡོད་མོད།  དེའི་བར་ལ་འགྱུར་ལྡོག་མང་པོ་བྱུང་བ་ལ་བརྟེན་ནས། འཆར་གཞི་ལྟར་དུ་འགྲོ་ཐུབ་མ་སོང་ཡང༌།  སྐབས་དེར་གྲོས་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་སྙན་སེང་ཞིག་ཞུས་པ་རེད། དེ་རིང་མཚན་གྱི་དུས་ཚོད་བཅུ་གཅིག་ཡོལ་ཚར་པ་ཡིན་སྟབས་སྐད་ཆ་མང་པོ་ཞུ་འདོད་མེད། གང་ལྟར་དོན་དྲིལ་ནས་བཤད་ན། སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྲག་སྟེང་ལ་ལས་འགན་ལྕི་མོ་ཞིག་བབས་པ་རེད། དེ་ལ་སེམས་དགའ་མཁན་ཡོད་པ་མ་རེད་དེ།    ཡིན་ནའང༌།  སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགག་དགོས་པའི་རྒྱུ་མཚན་དུ་མ་ལ་གཟིགས་ཏེ། འཕྲལ་ཕུགས་རྒྱང་གསུམ་གྱི་གནད་དོན་ལ་གཞི་བཅོལ་བའི་ཐོག་ནས་ལོ་རྒྱུས་ཀྱི་དཀྱོག་མཚམས་འདི་ལྟ་བུ་ཞིག་གི་སྐབས་སུ། སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་འདིས་འཇོན་གྱི་རེད་དགོངས་ཏེ། ཡིད་ཆེས་དང་རེ་བ་ཆེན་པོ་གནང༌། ད་དུས་ལ་བབ་འདུག་ཅེས་ང་ཚོ་ལ་འགན་བསྐུར་གནང་བ་དེ།   དེ་རིང་ང་ཚོ་སྐབས་བཅུ་བཞི་པའི་གྲོས་ཚོགས་འཕར་མ་འདིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་འགན་ཡོངས་སུ་རྫོགས་པར་སྤོབས་པ་ཆེན་པོ་ཐོག་ནས་མཇུག་བསྡུས་ཐུབ་པ་རེད།    དེ་ནི་གྲོས་ཚོགས་ཚོགས་ཁང་འདིའི་ནང་ལ་ཡོད་པ་ཆ་ཚང་གི་ནུས་པ་ལ་བརྟེན་ནས་བྱུང་བ་དང༌།  དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་དང༌།  ལྷག་པར་དུ་ཕྱག་སྦྲེལ་ཚོགས་གཙོ་གཞོན་པ་དང༌། བཀའ་ཤག  ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཚང་མས་འབད་བརྩོན་དང་ཆོད་སེམས་ལ་བརྟེན་ནས། ང་ཚོའི་ལས་འགན་དེ་གྲུབ་པ་ཡིན་སྟབས། ཚོགས་གཙོའི་ངོས་ནས་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང༌། དེ་རིང་གི་བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་འདིའི་སྟེང་ལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་པ་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་པའི་སྐབས་ལ། མི་མང་གི་སྐུ་ཚབ་ཚོས་ཀྱང་ཚོར་བ་ཤུགས་ཆེན་པོའི་ཐོག་ནས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འགན་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་གི་ཡོད་པ་དེ།  ཕྱོགས་གཅིག་ནས་སེམས་སྐྱོ་དགོས་པ་ཞིག་དང༌།  ཕྱོགས་གཞན་པ་ཞིག་ནས་བསམ་བློ་གཏང་བ་ཡིན་ན། ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེས་ལོ་རྒྱུས་ཀྱི་དགོས་པ་རྒྱ་ཆེན་པོ་དང༌། གཏིང་ཟབ་པོ་ཞིག་ལ་གཟིགས་ནས། གནང་གི་ཡོད་སྟབས། ལས་འགན་ལྕི་མོ་དེའང་སྤོབས་པ་ཆེན་པོའི་ཐོག་ནས་ཕྲག་སྟེང་ལ་ལེན་དགོས་པ་ཞིག་རེད། གང་ལྟར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བའི་ཐོག་ནས་ཚོགས་ཆེན་སྐབས་སུའང་བཀའ་མོལ་ལྷུག་པར་གནང་ཡོད་པ་རེད། ལྷག་པར་དུ་སྐུ་དབང་རྩིས་སྤྲོད་ཙམ་མ་ཡིན་པར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་ལའང་འགྱུར་བ་མང་པོ་གཏོང་དགོས་པའི་གནད་དོན་དེའི་ཐོག་ལ།   བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ངོས་ནས། ད་ལྟའི་དངོས་ཡོད་གནས་སྟངས་གང་ཡིན་པ་ཆ་ཚང་ཞིག་གསལ་བཤད་ཞུས་ཡོད་པ་རེད། དེ་ཚོ་ཚང་མ་ཞུས་པའི་རྗེས་ལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ལ་མི་མང་གི་བསམ་ཚུལ་ཤུགས་ཆེན་པོ་བསླེབས་ཡོད་པ་དང༌། ཚོགས་ཆེན་དེ་གྲུབ་པའི་རྗེས་ལ་ྋགོང་ས་ྋསྐྱབས་མགོན་རིན་པོ་མཆོག་གིས་བཀའ་སློབ་ཁ་གསལ་པོ་དང་གཏིང་ཟབ་པ་ཞིག་གནང་ཡོད་པ་དང༌།  དེའི་རྗེས་ལའང་གྲོས་ཚོགས་འཕར་མ་འདི་ཚོགས་པ་མ་ཟད་དེའི་ནང་ལོགས་ནས་ཐ་སྙད་ལ་འགྱུར་བ་བཏང་བ་དང་དེ་འདྲའི་སྟེང་ལའང་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་བ་རེད།  ད་ལྟའི་བཙན་བྱོལ་བོད་གཞུང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་དང༌། གཞུང་གི་འགན་འཛིན། བཀའ་བློན་ཁྲི་པ་དབུས་པའི་བཀའ་ཤག  སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན།  ང་ཚོ་ཚང་མའི་ངོས་ནས་ཐ་སྙད་འདི་ལ་འགྱུར་བ་གཏོང་མ་དགོས་ན།  རང་འཇགས་གནས་ན་བསམ་གྱི་ཡོད་པ་རེད།  ཡིན་ན་ཡང་དགག་དགོས་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས། མ་འོངས་པ་ན་དཀའ་ངལ་མི་འབྱུང་བའྀ་ཆེད་དུ་ཐ་སྙད་འདི་འགྱུར་བ་མི་གཏོང་ཐབས་མེད་བྱུང་བའི་གནས་སྟངས་འདི་ཚོགས་ཆུང་ནང་ལའང་ཞུས་ཡོད་པ་རེད་ལ།  ལྷག་པར་དུ་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་གིས་ཚོར་བ་ཤུགས་ཆེན་པོའི་སྒོ་ནས་གྲོས་ཚོགས་ནང་གསུངས་པ་རེད། དེ་ལ་སྤྱི་འཐུས་རྣམ་པ་ཚོས་ཀྱང་དགོངས་བཞེས་རྒྱ་ཆེར་གནང་ནས་མོས་མཐུན་རྒྱབ་སྐྱོར་གནང་བ་དེས།  ང་ཚོ་ལ་བསྐུར་ཡོད་པའི་ལས་འགན་དེ་ཏག་ཏག་འགྲུབ་ཐུབ་སོང་བསམ་པའི་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་སོང༌།  དེ་ཡིན་སྟབས་དེ་རིང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་འདིའི་ནང་ལའང༌། ཚང་མའི་དགོངས་པ་བཞེས་སྟངས་མི་མཐུན་པ་ཅུང་ཟད་རེ་ཡོང་གི་རེད་མོད།  གང་ལྟར་མཐའ་མའི་བསྡོམས་དེ་ལ། ང་ཚོ་ཚང་མའི་ནུས་པ་ཕྱོགས་གཅིག་ཏུ་སྤུངས་ནས་ལས་འགན་དེ་འགྲུབ་ཐུབ་པ་བྱུང་བ་དེ་དངོས་གནས་ཡག་པོ་བྱུང་སོང་བསམ་གྱི་འདུག དེ་རིང་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་རྗེས་ལ་འཕར་མ་ཞིག་ཚོགས་ནས།  སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད། སང་ཉིན་ང་ཚོའི་ལས་ཉིན་མཐའ་མ་དང་གནངས་ཉིན་ནས་བཟུང་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཚོས་དམ་འབུལ་ཞུ་རྒྱུའི་ཉིན་མོ་དེ་སླེབས་བསྡད་ཡོད་པ་རེད། དངོས་གནས་བྱས་ན།  འདས་པའི་ལོ་ལྔའི་གནས་སྟངས་སྤྱི་ཡོངས་ལ་བསྡོམས་ཤིག་རྒྱག་དགོས་པ་ཆགས་ཀྱི་ཡོད་པ་རེད་མོད།  དུས་ཚོད་ཀྱི་རྐྱེན་པས་བསྡོམས་རྒྱག་མི་དགོས་པ་བྱས་ནས་མདོར་ཙམ་ཞིག་ཞུས་པ་ཡིན་ན། སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ལ་མིང་ཆད་འདྲ་པོ་ཏོག་ཙམ་བྱུང་ཡོད་པ་རེད་དེ།  ཡིན་ནའང༌།  དེ་ཚོ་ཆུང་ཆུང་ཞིག་ལ་རྩིས་ནས་གཞན་པའི་ལས་འགན་གང་ལ་གང་འཚམ་ཞིག་བསྒྲུབས་ཐུབ་པ་ཞིག་ལ་ངོས་འཛིན་བྱས་ཆོག་པ་དང༌།  ལྷག་པར་དུ་གྲོས་ཚོགས་ཀྱི་ལས་དོན་སྒྲུབ་ཕྱོགས་གང་གི་ཐད་ནས་ཀྱང༌།  རིམ་གྱིས་ཡར་རྒྱས་ལ་འགྲོ་བའི་དུས་ཚོད་ཅིག་ལ་སླེབས་བསྡད་ཡོད་པ་རེད།  ང་རང་ཚོགས་གཙོ་བྱས་པའི་ལོ་གཉིས་དང་ཕྱེད་ཀ་དང༌། ཚོགས་གཙོ་གཞོན་པ་ངེད་གཉིས་ཀྱི་ཐུན་མོང་གིས་ལས་ཀ་བྱས་པའི་སྐབས་ལ་ཡིན་ནའང་འདྲ།   གང་ལྟར་ལོ་བཅུའི་རིང་ལ་དཔལ་ལྡན་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་གིས་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་པའི་སྐབས་ལ་དུས་ནས་དུས་སུ་བླང་དོར་བཀའ་སློབ་གནང་བ་དང༌། དུས་ནས་དུས་སུ་བཀའ་བསྡུར་གནང་བ་སོགས་གང་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱིས་ནམ་ཞུས་ལ།  བོད་མི་རིགས་འདིའི་རྩ་དོན་གྱི་ཆེད་དུ་མཉམ་རུབ་ཀྱི་ཕྱག་ལས་གནང་བ་དེ་རིན་ཐང་བྲལ་བ་ཞིག་རེད།  རིན་པོ་ཆེས་སྤྱི་ཡོངས་ནས་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བ་དེ་མདོར་བསྡུས་ནས་ཞུས་པ་ཡིན་ན། སྐབས་བཅུ་གཅིག་དང་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བ་དང༌། དེར་མ་ཟད་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་སྐབས་དང་པོ་དང་གཉིས་པའི་ལས་འགན་བཞེས་པ་རེད། གང་ལྟར་མི་ལོ་ཉི་ཤུའི་རིང་ལ་ང་ཚོའི་མང་གཙོའི་འཕེལ་རིམ་ཡིན་ནའང་འདྲ། བོད་མི་རིགས་འདིའི་བསྟན་སྲིད་ཀྱི་ཆེད་དུ་མཛད་འགན་བཞེས་པ་དེ། ང་ཚོས་ཚིག་ཁ་ཤས་ཤིག་གི་ནང་ལ་བསྡོམས་རྒྱག་ཐུབ་པ་ཞིག་རྩ་བ་ཉིད་ནས་མ་རེད། ཡིན་ནའང༌།  མི་རིགས་འདི་དང་རྒྱལ་ཁབ་འདིའི་ཆེད་དུ་ཞབས་འདེགས་རླབས་པོ་ཆེ་བཞེས་པ་དེ་ལ། དེ་རིང་གྲོས་ཚོགས་འདིའི་སྟེང་ནས་གུས་བརྩི་དང་སྦྲགས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང༌།  ང་རང་སྒེར་གྱི་ངོས་ནས་ཡིན་ན་རེད། ཚོགས་གཙོའི་རྐུབ་སྟེགས་སྟེང་ལ་བསྡད་ཡོད་པ་ཙམ་ལས། ནམ་རྒྱུན་རིན་པོ་ཆེས་གྲོས་ཚོགས་ནང་ལ་བཀའ་སློབ་གནང་བ་དང༌།   ཕྱི་ལོགས་ལ་བཀའ་སློབ་གནང་བ་ཚང་མ་ལ་ཉིན་རེ་ཉིན་རེར་སློབ་ཕྲུག་ཅིག་གིས་སློབ་སྦྱོང་བྱེད་པའི་གོ་སྐབས་འདྲ་བོ་ཞིག་ཚོར་བསྡད་ཡོད། དེ་ནས་སྐབས་བཅུ་བཞི་པའི་ལས་ཡུན་འདིའི་རིང་ལ་ཚོགས་གཙོ་གཉིས་ལོ་གཉིས་དང་ཕྱེད་ཀ་ཕྱེད་ཀ་ལ་བརྗེ་སྤོར་བྱས་པ་རེད། ངའི་སྔོན་གྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱི་སྐབས་ལ་གྲུབ་འབྲས་མི་དམན་པ་ཞིག་བྱུང་ཡོད་པ་རེད་ལ། ངས་ཚོགས་གཙོ་བྱས་པའི་རིང་ལའང༌། སྤྱི་འཐུས་ལྷན་ཚོགས་འཚོགས་པའི་སྐབས་དང༌།    སྤྱི་འཐུས་རྒྱུན་ལས་འཚོགས་པའི་སྐབས་ལ་དུས་རྒྱུན་མི་མཐུན་པ་ཕྲན་བུ་ཕྲན་བུ་རེ་ཡོང་གི་རེད་མོད།  ཚང་མས་མཐུན་འགྱུར་རོགས་རམ་ལ་བརྟེན་ནས། གྲུབ་འབྲས་གང་ཐོན་པ་དེ་མཉམ་རུབ་བྱས་ནས་གྲུབ་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། དེ་ཡིན་སྟབས་སྤྱི་འཐུས་ལྷན་ཚོགས་དང་རྒྱུན་ལས་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  དེ་ནས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོ་ཡིན་ན། ཚོགས་གཙོ་བགྲེས་གཞོན་གཉིས་དུས་རྒྱུན་དུ་ལས་བྲེལ་ཆེ་བའི་སྐབས་ལ། མཚན་དགོང་དུས་ཚོད་དང་པོ་དང་གཉིས་པ་བར་འདུག་དགོས་བྱུང་བ་ཡིན་ནའང༌།  དཀའ་ཚེགས་ལ་མ་འཛེམས་པར་ལས་དོན་བསྒྲུབས་པ་དེ་ལ།  སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་མཐའ་མ་དེ་ལ། ཚོགས་གཙོ་གཞོན་པ་ལྟ་བུ་ཡིན་ན།  མཚམས་རེར་མི་མཐུན་པ་ཕྲན་བུ་རེ་ཡོང་གི་རེད་དེ། ལས་དོན་སྤྱི་ཡོངས་ནས་མཉམ་རུབ་ཀྱིས་ཧུར་ཐག་དང་འབད་བརྩོན་ལ་བརྟེན་ནས།  ལས་ཀ་གང་བྱས་ཐད་ནས་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོན་ཡོད་བསམ་པའི་སྤོབས་པ་ཡོད། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་ལ་སླེབས་བསྡད་ཡོད་པ་ཡིན་ནའང༌། མ་འོངས་པའི་དབུ་ཁྲིད་རྣམ་པས་འགན་འཁུར་ཐུབ་པ་ཞིག་དང༌། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། ང་ཚོ་བཙན་བྱོལ་བོད་མི་ཚང་མ་བོད་ནང་ལ་མྱུར་ནས་མྱུར་དུ་ལོག་ཐུབ་པའི་སྨོན་ལམ་དང་བཅས།  ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་སྦྲགས་ནས་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མ་འདི་མཇུག་བསྒྲིལ་བ་ཡིན།