གྲོས་ཚོགས་ཚོགས་དུས་ ༦ པའི་ཉིན་ ༧ པའི་ལས་རིམ་སྙིང་བསྡུས།

 

སྔ་དྲོ་ཚུ་ཚོད་ ༩:༣༠ ཡི་ཐོག་གྲོས་ཚོགས་དབུ་འཛུགས་ཀྱིས་ཆོས་རིག་ལས་ཁུངས་སུ་སྐར་རྟགས་ཅན་གྱི་དྲི་བ་དང་དེ་འབྲེལ་འཕྲོས་དོན་དྲི་བ་ཞུས་ཁག་ལ་དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་ལན་འདེབས་གནང་ཡོད་པ་རེད།

 

དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་ལ་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གནང་བར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་གསལ་འདེབས་གནང་། གཞན་ཡང་ཁ་སང་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་སྙན་ཐོ་གཉིས་ཀྱི་སྟེང་མུ་མཐུད་དོགས་འདྲི་དང་བགྲོ་གླེང་གནང་བར་དཔལ་ལྡན་ཤེས་རིག་བཀའ་བློན་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་དང་འགྲེལ་བརྗོད་མཐིལ་ཕྱིན་གནང་སྟེ་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ལས་རིམ་ཡོངས་སུ་གྲུབ་ཡོད་པ་རེད།

 

དེ་རྗེས་དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནས་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་༢༠༡༣།༣།༣༡ བར་གྱི་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་འགོད་འབུལ་གྱི་ཡིག་ཆ་དེ་ཉིད་སྙན་སྒྲོན་ཞུས་ཡོད་པ་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢།༤།༡ ནས་ཕྱི་ལོ་ ༢༠༡༣།༣།༣༡ བར་གྱི་ལས་བསྡོམས་རྒྱས་པར་ཤོག་གྲངས་ ༢༡ ཡོད་པར་སྤྱི་འཐུས་རྒྱུན་ལས་ཀྱི་རྒྱུན་འབྲེལ་སྡེ་ཚན་གྱིས་ཞིབ་འཇུག་ཞིབ་ཚགས་ཞུས་པར་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་དང་འབྲེལ་གཏན་འབེབས་ཞུས་པའི་གྲུབ་དོན་སྙན་ཐོ་འགོད་འབུལ་གང་དེ་སྙན་སྒྲོན་གནང་ཡོད་པ་མ་ཟད། གོང་གི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་སྟེང་དོགས་འདྲི་དང་བགྲོ་གླེང་གནང་བར་བདེ་སྲུང་བཀའ་བློན་མཆོག་ནས་ལན་འདེབས་དང་གསལ་འགྲེལ་འཐུས་ཚང་གནང་སྟེ་བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ལས་རིམ་ཡོངས་སུ་གྲུབ་ཟིན་ཡོད་པ་བཅས་ཀྱི་གནས་བསྡུས་སུ།